ཀྲུང་གོ་བོད་ཀྱི་དྲ་བ།

ཕཱ་ཁི་སི་ཐན་ལྷོ་ནུབ་ས་ཁུལ་ནས་འགས་གཏོར་འཇབ་རྒོལ་དོན་རྐྱེན་བྱུང་སྟེ་མི་བཞི་རྐྱེན་ལམ་དུ་ཤོར།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-07-31
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཕཱ་ཁི་སི་ཐན་ལྷོ་ནུབ་ཕྱོགས་ཀྱི་པུས་ལུའུ་ཀྲི་ཞིང་ཆེན་གྱི་ལྟེ་གནས་གྲོང་ཁྱེར་ཁོས་ཏཱ་ནས་ཟླ་བདུན་པའི་ཚེས་སུམ་ཅུ་ཉིན་གྱི་དགོང་མོར་འགས་གཏོར་འཇབ་རྒོལ་དོན་རྐྱེན་ཞིག་བྱུང་། ས་དེའི་སྨན་ཁང་གི་དཔོན་པོས་བཤད་རྒྱུར། འཇབ་རྒོལ་དོན་རྐྱེན་དེ་ལས་མི་བཞི་རྐྱེན་ལམ་དུ་ཤོར་བ་དང་། མི་སོ་བཞིར་རྨས་ཕོག་ཟེར། 

ཁོས་ཏཱ་གྲོང་ཁྱེར་གྱི་སྤྱི་ཁྱབ་ཉེན་རྟོག་ལྟ་ཞིབ་པ་གཞོན་པ་ཆི་མཱ་ཡིས་གསར་འགྱུར་ལས་རིགས་ལ་བཤད་རྒྱུར། འགས་གཏོར་འཇབ་རྒོལ་དོན་རྐྱེན་དེ་ཁོས་ཏཱ་གྲོང་ཁྱེར་གྱི་ལེ་ཡཱ་ཁཱ་ཐི་ཚོང་རར་ཡོད་པའི་གྲོང་ཁྱེར་ཉེན་རྟོག་ཅུའུ་ཉེ་འདབས་སུ་བྱུང་བ་དང་། འཇབ་རྒོལ་དམིགས་འབེན་ནི་ཉེན་རྟོག་པའི་རླངས་འཁོར་ཞིག་རེད། འགས་གཏོར་སྒྲིག་ཆས་བཞག་ཡོད་པའི་འཕྲུལ་རྟ་ཞིག་ཉེན་རྟོག་རླངས་འཁོར་གྱི་ཉེ་འགྲམ་ནས་རྒྱང་སྒྱུར་བཀོལ་ནས་འགས་གཏོར་བཏང་། དོན་རྐྱེན་བྱུང་སྐབས་མི་མང་བོ་འགྲོ་འོང་བྱེད་བཞིན་ཡོད་པས་མི་མི་ཉུང་བར་ཤི་རྨས་ཐེབས་ཡོད། འདས་པོའི་གྲས་སུ་ཉེན་རྟོག་པ་གཉིས་ཡོད་པ་དང་། རྨས་མའི་ཁྲོད་མང་ཆེ་བ་ནི་ཚོང་ར་དེར་ཉོ་ཚོང་བྱེད་པའི་མི་སེར་དཀྱུས་མ་ཡིན་ལ། ཉེན་རྟོག་དཔོན་པོ་གཅིག་ལ་རྨས་ཕོག་པ་ཅུང་ལྗིད་མོ་རེད་ཟེར། 

ཆི་མཱ་ཡིས་བཤད་རྒྱུར། དོན་རྐྱེན་བྱུང་རྗེས་རྒུད་སྐྱོབ་མི་སྣ་དང་ཉེན་རྟོག་པ། བདེ་འཇགས་དམག་དཔུང་བཅས་མྱུར་མོར་དོན་རྐྱེན་བྱུང་སར་འབྱོར་ནས། རྨས་མ་དག་སྨན་ཁང་དུ་བསྐྱལ་ནས་གསོ་བཅོས་བྱེད་བཞིན་ཡོད། མིག་སྔར་ཉེན་རྟོག་ཕྱོགས་དང་བདེ་འཇགས་དམག་དཔུང་གིས་ས་ཁུལ་དེ་བཀག་སྡོམ་བྱས་ནས་སྔོག་བཤེར་བྱེད་བཞིན་ཡོད་ཟེར། 

པུས་ལུའུ་ཀྲི་ཞིང་ཆེན་གྱི་ཁོས་ཏཱ་སིང་ཏི་མན་སྨན་ཁང་གི་མགྲིན་ཚབ་པ་པེད་ཀི་ཡིས་ཉིན་དེར་གསལ་སྒྲོག་སྤེལ་ཏེ། འཇབ་རྒོལ་དོན་རྐྱེན་ལས་མི་བཞི་རྐྱེན་ལམ་དུ་ཤོར་བ་དང་། མི་སོ་བཞིར་རྨས་ཕོག རྨས་མ་སྐོར་ཞིག་གི་རྨས་སྐྱོན་ཚབས་ཆེན་ཡིན་པས་འདས་པོའི་ཁ་གྲངས་སྔར་ལས་ཇེ་མང་དུ་འགྲོ་ཡང་སྲིད་ཟེར། 

མིག་སྔར་རྩ་འཛུགས་དང་མི་སྒེར་གང་རུང་གིས་ཐེངས་འདིའི་འཇབ་རྒོལ་དོན་རྐྱེན་བཟོས་པ་ཁས་ལེན་བྱས་མེད། 

ཕཱ་ཁི་སི་ཐན་གྱི་ཙུང་ལི་དབྱེ་མུའུ་ལན·ཧན་གྱིས་ཉིན་དེའི་དགོང་མོར་གསལ་སྒྲོག་སྤེལ་ཏེ། འཇབ་རྒོལ་དོན་རྐྱེན་དེར་རྒོལ་གཏམ་དྲག་པོ་བཏང་། །

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།