ནེ་ཀྲི་རི་ཡཱའི་བྱང་ཤར་ཕྱོགས་ཀྱི་སྡེ་བ་ཞིག་ལ་དྲག་ཆས་འཇབ་རྒོལ་ཐེབས་ཏེ་ཉུང་མཐར་ཡང་མི་ང་ལྔ་རྐྱེན་ལམ་དུ་ཤོར།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ནེ་ཀྲི་རི་ཡཱའི་སྲིད་གཞུང་གི་དཔོན་རིགས་ཀྱིས་ཚེས་ཉེར་བརྒྱད་ཉིན་བཤད་རྒྱུར། ནེ་ཀྲི་རི་ཡཱའི་བྱང་ཤར་ཕྱོགས་ཀྱི་པའོ་ཨར་ནོའུ་ཀྲིག་གི་སྡེ་བ་གསུམ་དུ་ཉེ་སྔོན་པའོ་ཁི་གནས་མཆོག་ཅེས་པའི་ཐལ་སྤྱོད་རྩ་འཛུགས་ཀྱི་དྲག་ཆས་པའི་འཇབ་རྒོལ་ཐེབས་ཏེ། ཉུང་མཐར་ཡང་མི་ང་ལྔ་རྐྱེན་ལམ་དུ་ཤོར་ཟེར། 

པའོ་ཨར་ནོའུ་ཀྲིག་གི་ཀྲིག་ཀྲང་ཙུའུ་ལུའུ་མུའུ་ཡིས་ཉིན་དེར་གསར་འགོད་པར་བཤད་རྒྱུར། འཇབ་རྒོལ་དོན་རྐྱེན་དེ་ཚེས་ཉེར་བདུན་ཉིན་གྱི་ཞོགས་པར་བྱུང་བ་དང་། མིག་སྔར་འཇབ་རྒོལ་ཐེབས་པའི་སྡེ་བ་གསུམ་ནས་ཉུང་མཐར་ཡང་བེམ་པོ་ང་ལྔ་རྙེད་ཡོད་ཟེར། 

སྲིད་གཞུང་ལ་རོགས་འདེགས་བྱས་ཏེ་འཇིགས་སྐུལ་ལ་ངོ་རྒོལ་བྱེད་པའི་ས་དེའི་དམངས་དམག་རྩ་འཛུགས་ཀྱི་འགན་ཁུར་བ་ཨ་ལིས་ཀྱིས་བཅར་འདྲི་དང་ལེན་བྱེད་སྐབས་བཤད་རྒྱུར། བེམ་པོ་ཉེར་དྲུག་ནི་སྡེ་བ་ཞིག་གི་དུར་ས་ནས་རྙེད་པ་དང་། དྲག་ཆས་ཉེས་ཅན་གྱི་འཇབ་རྒོལ་བྱེད་སྐབས་མི་དེ་དག་གིས་དུར་འཇུག་མཛད་སྒོ་སྤེལ་བཞིན་པ་མངོན་གསལ་རེད། དྲག་ཆས་ཉེས་ཅན་གྱིས་འཇབ་རྒོལ་བྱེད་སྐབས་རྒྱང་འཕེན་བསྟུད་བརྒྱག་མེ་མདའ་སྒྲིག་སྦྱོར་བྱས་པའི་དངོས་སྐྱེལ་རླངས་འཁོར་རེ་འགའ་བཀོལ་སྤྱོད་བྱས་པ་རེད་ཟེར། 

སྟབས་ལེགས་ནས་འཇབ་རྒོལ་ལས་ཐར་བའི་སྡེ་མི་ཞིག་གིས་གསར་འགོད་པར་བཤད་རྒྱུར། དྲག་ཆས་ཉེས་ཅན་སྡེ་བའི་ནང་ཡོང་རྗེས་སྐྱེ་ཕོ་མོ་རྒན་གཞོན་མེད་པར་མེ་མདས་བརྒྱབ་ནས་བསད་པ་དང་། ཁོ་ཚོས་ད་རུང་ཁང་བ་མང་བོར་མེར་བསྲེག་པར་མ་ཟད། སྡེ་དམངས་ཀྱིས་གསོག་ཉར་བྱས་པའི་ཟས་རིགས་འཕྲོག་པ་རེད་ཟེར། 


རྩོམ་སྒྲིག་པ། ཚེ་མཁར་རྒྱལ།

དཔྱད་མཆན 0 ཡོད།