དབྱི་རག་ཁུའུ་ཨར་ཏི་རང་སྐྱོང་ས་ཁུལ་གྱིས་ཁུའུ་ཨར་ཏི་བཟོ་བའི་ཏང་གིས་ཐུར་ཁེའི་ཕྱི་འབྲེལ་དཔོན་པོ་དམར་གསོད་བཏང་བར་ཁས་ལེན་བྱས།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  དབྱི་རག་ཁུའུ་ཨར་ཏི་རང་སྐྱོང་ས་ཁུལ་དབང་འཛིན་ལས་ཁུངས་ཀྱིས་གསལ་སྒྲོག་སྤེལ་ཏེ། ཐུར་ཁེའི་ཕྱི་འབྲེལ་དཔོན་པོ་ཁུའུ་ཨར་ཏི་རང་སྐྱོང་ས་ཁུལ་ནས་ལྐོག་གསོད་ཐེབས་པའི་གྱོད་དོན་གྱི་དོགས་ཡོད་མི་སྣས་ཁས་ལེན་བྱས་དོན། ཐུར་ཁེའི་ཁ་བྲལ་རྩ་འཛུགས་ཁུའུ་ཨར་ཏི་བཟོ་བའི་ཏང་གིས་དམར་གསོད་གཏོང་བའི་བཀའ་རྒྱ་བཏང་བ་ཡིན་ཟེར། 

ཐུར་ཁེའི་ཁུའུ་ཨར་ཏིའི་སྐྱེས་པ་ཏཱ་ཀི་ཡིས་ཟླ་འདིའི་ཚེས་བཅུ་བདུན་ཉིན་ཁུའུ་ཨར་ཏི་རང་སྐྱོང་ས་ཁུལ་གྱི་ཨེ་ཨར་པུས་ལེ་གྲོང་ཁྱེར་གྱི་ཟ་ཁང་དུ་ཨོ་སི་མན་ཁི་སེ་བསད་པ་དང་། ཁི་སེ་ནི་ཨེ་ཨར་པུས་ལེ་གྲོང་ཁྱེར་དུ་སྡོད་པའི་གཞུང་ཚབ་ཁང་གི་སྤྱི་ཁྱབ་ལས་འཛིན་པ་གཞོན་པ་ཡིན་པ་རེད། 

ཁུའུ་ཨར་ཏི་རང་སྐྱོང་ས་ཁུལ་དབང་འཛིན་ལས་ཁུངས་ཀྱིས་ཚེས་ཉེར་དྲུག་ཉིན་གྱི་དགོང་མོར་གསལ་སྒྲོག་སྤེལ་ཏེ། ལོ་ཉེར་བདུན་ཅན་གྱི་ཏཱ་ཀི་ཡིས་ཁུའུ་ཨར་ཏི་བཟོ་བའི་ཏང་གི་མཐོ་རིམ་མགོ་ཁྲིད་པས་དམར་གསོད་གཏོང་བའི་བཀའ་རྒྱ་བཏང་བ་ཁས་ལེན་བྱས། 

དབྱི་རག་བདེ་འཇགས་མི་སྣའི་བརྗོད་ཚུལ་ལྟར་ན། དབྱི་རག་བྱང་ཕྱོགས་ཀྱི་ཀན་ཏིས་ལེ་ས་ཁུལ་དུ་སྦས་སྐོང་བྱེད་པའི་ཁུའུ་ཨར་ཏི་བཟོ་བའི་ཏང་གི་བཀོད་འདོམ་དཔོན་པོས་ཁི་སེ་ལ་དམིགས་པའི་འཇབ་རྒོལ་དོན་རྐྱེན་ལ་འཆར་འགོད་བྱས་པ་དང་། ཀན་ཏིས་ལེ་ས་ཁུལ་དུ་རི་བརྒྱུད་གཟར་མོ་མང་དུ་ཡོད་ལ། ཐུར་ཁེ་ཡིས་ཁུའུ་ཨར་ཏི་བཟོ་བའི་ཏང་གི་དབྱི་རག་མངའ་ཁོངས་ཀྱི་སྒར་ས་ཆེན་མོ་ཡིན་པར་རློམ་ཡོད། 

ཏཱ་ཀི་ནི་ཚེས་ཉི་ཤུའི་ཉིན་འཛིན་བཟུང་བྱས་པ་ཡིན་ལ། དེ་ལས་གཞན་དབྱི་རག་གིས་དོན་རྐྱེན་དེར་འབྲེལ་བའི་དོགས་ཡོད་ཉེས་ཅན་རེ་འགའ་འཛིན་བཟུང་བྱས་ཡོད། །

རྩོམ་སྒྲིག་པ། ཚེ་མཁར་རྒྱལ།

དཔྱད་མཆན 0 ཡོད།