འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱིས་རྒྱལ་ཁབ་སོ་སོས་མཆིན་ཚད་ཀྱི་ནད་སེལ་བའི་དངུལ་གཏོང་ཇེ་མང་དུ་གཏོང་དགོས་པའི་སྐུལ་མ་བཏང་།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཟླ་བདུན་པའི་ཚེས་ཉེར་བརྒྱད་ཉིན་ནི་འཛམ་གླིང་མཆིན་ཚད་ནད་འགོག་ཉིན་མོ་ཡིན་ཞིང་། འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱིས་ད་ལོར་རྒྱལ་ཁབ་སོ་སོས་མཆིན་ཚད་ཀྱི་ནད་སེལ་བའི་ཐད་མ་དངུལ་གཏོང་དགོས་པའི་འབོད་སྐུལ་བཏང་། ལས་ཁུངས་དེས་བཤད་རྒྱུར། ཉེ་བའི་ལོ་འགའི་རིང་ལ་ནད་དུག་རང་བཞིན་གྱི་མཆིན་ཚད་ནད་ཀྱི་བརྟག་དཔྱད་དང་གསོ་བཅོས་འགྲོ་སོང་ཇེ་དམའ་རུ་སོང་བ་དང་བསྟུན་ནས། རྒྱལ་ཁབ་སོ་སོས་གོ་སྐབས་དམ་འཛིན་བྱས་ཏེ་མཆིན་ཚད་ནད་ཀྱི་དངུལ་གཏོང་ཇེ་མང་དུ་གཏོང་དགོས་ཟེར། 

འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱི་ཞིབ་འཇུག་སྙན་ཞུ་གསར་བ་ལྟར་ན། གལ་ཏེ་ལོ་རེར་ཡོང་འབབ་དམའ་བ་དང་ཡོང་འབབ་འབྲིང་གི་རྒྱལ་ཁབ་རེ་བདུན་གྱིས་མཆིན་ཚད་ནད་ཀྱི་ཐད་མེ་སྒོར་ཐེར་འབུམ་དྲུག་བཏང་ན། ཉིས་སྟོང་སུམ་ཅུ་ལོར་བསླེབ་དུས་མི་ས་ཡ་བཞི་དང་འབུམ་ལྔ་ལྷག་སྔ་མོ་ནས་ཚེ་ལས་འདས་པར་སྔོན་འགོག་བྱེད་ཐུབ་ངེས་རེད་ཟེར། 

འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱི་སྤྱི་ཁྱབ་ལས་འཛིན་པ་ཐན་ཏི་སེ་ཡིས་བཤད་རྒྱུར། ད་ལྟ་བརྒྱ་ཆའི་བརྒྱད་ཅུའི་ཡན་གྱི་མཆིན་ཚད་ནད་བྱུང་བའི་ནད་པར་སྔོན་འགོག་དང་བརྟག་དཔྱད། གསོ་བཅོས་ཞབས་ཞུ་སོགས་ཐོབ་ཐུབ་མེད་པ་དང་། འཛམ་གླིང་མཆིན་ཚད་ནད་འགོག་ཉིན་མོའི་སྐབས་སུ། ང་ཚོས་རྒྱལ་ཁབ་སོ་སོས་མཆིན་ཚད་ནད་ཀྱི་འགོག་བཅོས་ཞབས་ཞུ་དེ་སྨན་བཅོས་ཉེན་ཚབ་འཆར་གཞིའི་ནང་བཞག་སྟེ། དམངས་ཡོངས་ཀྱི་བདེ་ཐང་ལ་ཁེབས་པར་བྱེད་པའི་ནང་དོན་ཞིག་ཏུ་བརྩི་དགོས་པའི་འབོད་སྐུལ་བཏང་། 

འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱིས་བཤད་རྒྱུར། མིག་སྔར་འཛམ་གླིང་ཡོངས་སུ་བསྡོམས་པས་མཆིན་ཚད་ནད་བྱུང་བའི་ནད་པ་དུང་ཕྱུར་གསུམ་དང་བྱེ་བ་གཉིས་ས་ཡ་ལྔ་ཡོད་པ་དང་། དེའི་ནང་ནད་པ་མང་ཆེ་བར་བརྟག་དཔྱད་དང་གསོ་བཅོས་ཞབས་ཞུ་ཐོབ་ཐུབ་མེད་ཟེར། 

འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱི་འཛམ་གླིང་ཡོངས་ཀྱི་མཆིན་ཚད་འགོག་བཅོས་ཀྱི་འཐབ་ཇུས་དམིགས་འབེན་ནི། ཉིས་སྟོང་བཅུ་དྲུག་ལོ་ནས་ཉིས་སྟོང་སུམ་ཅུ་ལོའི་བར། མཆིན་ཚད་ནད་གསར་དུ་བྱུང་བའི་ནད་པ་བརྒྱ་ཆའི་དགུ་བཅུ་ཇེ་ཉུང་དུ་གཏོང་བ་དང་མཆིན་ཚད་ལས་ཚེ་ཤོར་བ་བརྒྱ་ཆའི་རེ་ལྔ་ཇེ་ཉུང་དུ་གཏོང་རྒྱུ་དེ་རེད། ཡིན་ཡང་འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱི་ཁོངས་གཏོགས་ཁྲོད་དུ། མིག་སྔར་ཁོངས་གཏོགས་རྒྱལ་ཁབ་བརྒྱ་དང་ཉེར་བཞིས་མ་གཏོགས་མཆིན་ཚད་ནད་ཀྱི་འགོག་བཅོས་དང་འབྲེལ་བའི་འཆར་གཞི་གཏན་འབེབས་བྱས་མེད། དེ་བས་འཕྲོད་བསྟེན་རྩ་འཛུགས་ཀྱིས་རྒྱལ་ཁབ་སོ་སོས་མཆིན་ཚད་ནད་འགོག་བཅོས་བྱེད་པ་དེ་དམངས་ཡོངས་ཀྱི་བདེ་ཐང་ལ་ཁེབས་པའི་འཆར་གཞིའི་ནང་བཞག་སྟེ། འབྲེལ་ཡོད་གྲོན་དངུལ་ཞིབ་རྩིས་བྱེད་པ་དང་སྔོན་རྩིས་གཏན་འབེབས་བྱས་ཏེ། མ་དངུལ་འདོན་སྤྲོད་བྱེད་དགོས་པའི་འབོད་སྐུལ་བཏང་ཡོད།  །

རྩོམ་སྒྲིག་པ། ཚེ་མཁར་རྒྱལ།

དཔྱད་མཆན 0 ཡོད།