ཀྲུང་གོ་བོད་ཀྱི་དྲ་བ།

ཨེ་ཤ་ཡཱ་ཤར་ལྷོའི་མནའ་འབྲེལ་གྱི་དྲུང་ཡིག་ཆེན་མོས་ཨེ་ཤ་ཡཱ་ཤར་ལྷོའི་མནའ་འབྲེལ་དང་ཀྲུང་གོས་སྔར་ལས་ལྷག་པའི་སྒོ་ནས་སྨྱན་བྱད་མཉམ་ལས་ལ་ཤུགས་སྣོན་བྱེད་པར་རེ་སྒུག་བྱས་ཡོད་པའི་ཚུལ་བསྟན།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-07-26
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཨེ་ཤ་ཡཱ་ཤར་ལྷོའི་མནའ་འབྲེལ་གྱི་དྲུང་ཡིག་ཆེན་མོ་ལིན་ཡུས་ཧོས་ཀྱིས་ཚེས་ཉེར་བཞིའི་ཉིན་ཧིན་རྡུ་ཉི་ཞི་ཡཱའི་རྒྱལ་ས་ཡཱ་ཅཱ་ཏཱ་ནས་སྤེལ་བའི་ཀྲུང་གོ་དང་ཨེ་ཤ་ཡཱ་ཤར་ལྷོའི་མནའ་འབྲེལ་གྱི་སྨྱན་བྱད་མཐོ་རིམ་གླེང་སྟེགས་སྟེང་ཨེ་ཤ་ཡཱ་ཤར་ལྷོའི་མནའ་འབྲེལ་དང་ཀྲུང་གོའི་བར་འབྲེལ་བར་གདེང་འཇོག་ཆེན་པོ་བྱས་པ་དང་། ཕྱོགས་གཉིས་ཀྱིས་སྔར་ལས་ལྷག་པའི་སྒོ་ནས་སྨྱན་བྱད་མཉམ་ལས་ལ་ཤུགས་སྣོན་བྱེད་པར་རེ་སྒུག་བྱས་ཡོད་ཟེར། 

ལིན་ཡུས་ཧོས་ཀྱིས་གླེང་སྟེགས་ཀྱི་གཏམ་བཤད་གཙོ་བོའི་ཁྲོད་བཤད་རྒྱུར། ཨེ་ཤ་ཡཱ་ཤར་ལྷོའི་མནའ་འབྲེལ་དང་ཀྲུང་གོའི་འཐབ་ཇུས་གྲོགས་པོའི་འབྲེལ་བའི་འཕེལ་རྒྱས་ཀྱི་གྲུབ་འབྲས་ཀུན་གྱི་མཐོང་གསལ་ལྟར་ཡིན་པ་དང་། ཀྲུང་གོ་ནི་ནམ་རྒྱུན་ཨེ་ཤ་ཡཱ་ཤར་ལྷོའི་མནའ་འབྲེལ་གྱི་ཆེས་གསོན་ཤུགས་ལྡན་ཞིང་ཆེས་གལ་ཆེ་བའི་གྲོགས་པོ་ཞིག་ཡིན། ཕྱོགས་གཉིས་ཀྱིས་ནམ་རྒྱུན་དཔལ་འབྱོར་མཉམ་ལས་ཀྱི་ཆུ་ཚད་ཇེ་མཐོར་གཏོང་བར་འབད་འབུངས་བྱེད་པ་དང་། གཉིས་ཕན་གཉིས་རྒྱལ་དང་ཐུན་མོང་དར་རྒྱས་མངོན་འགྱུར་བྱེད་པ་དང་ཉིན་རེ་བཞིན་ཇེ་དམ་དུ་འགྲོ་བཞིན་པའི་མི་གཞུང་བརྗེ་རེས་དེ་ཕྱོགས་གཉིས་ཀྱི་འབྲེལ་བའི་འཕེལ་རྒྱས་ཀྱི་གདུང་འདེགས་ཀྱི་ཀ་བ་གཙོ་བོར་གྱུར་ཡོད་ཟེར། 

ལིན་ཡུས་ཧོས་ཀྱིས་བཤད་རྒྱུར། ཨེ་ཤ་ཡཱ་ཤར་ལྷོའི་མནའ་འབྲེལ་གྱིས་ཀྲུང་གོའི་སྨྱན་བྱད་བར་གྱི་འཕེལ་རྒྱས་གྲོས་རིམ་སྦྲེལ་མཐུད་ལ་ཤུགས་སྣོན་བྱས་ཤིང་། གྲངས་ལྡན་ཅན་དང་རིག་ནུས་ཅན། རང་འགུལ་ཅན་སོགས་ཀྱི་ལག་རྩལ་གསར་བ་ལས་བྱུང་བའི་ཁྱད་སྟོབས་གསར་བ་བེད་སྤྱོད་གང་ལེགས་བྱས་ཏེ། སྨྱན་བྱད་བལྟ་མཁན་གྱི་ཁེབས་ཚད་རྒྱ་བསྐྱེད་དེ། ཨེ་ཤ་ཡཱ་ཤར་ལྷོའི་མནའ་འབྲེལ་གྱི་རྒྱལ་ཁབ་མང་ཚོགས་དག་གི་སྨྱན་བྱད་འདུ་ཤེས་ཇེ་དྲག་ཏུ་གཏོང་བ་དང་། གྲངས་ལྡན་དུས་རབས་བསུ་བར་གྲ་སྒྲིག་གང་ལེགས་བྱེད་པར་རོགས་རམ་བྱེད་དགོས་ཟེར། 

ལིན་ཡུས་ཧོས་ཀྱིས་བསྟན་དོན། ཕྱོགས་གཉིས་ཀྱི་སྨྱན་བྱད་ཀྱིས་ཕྱོགས་གཉིས་ཀྱི་ཁེ་ལས་ཆུང་འབྲིང་གི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་། ཁོར་ཡུག་སྲུང་སྐྱོབ་ལ་ཤུགས་སྣོན་བྱེད་པ། དཔལ་འབྱོར་གཞི་གཅིག་ཅན་ལ་སྐུལ་འདེད་གཏོང་བ། ས་ཁུལ་གྱི་ཞི་བདེ་དང་གཏན་འཇགས་ལ་སྲུང་སྐྱོབ་བྱེད་པ་སོགས་ཁྱབ་ཁོངས་ཀྱི་ཕན་ཚུན་རོགས་ལས་ཀྱི་ངོ་མཚར་གཏམ་རྒྱུད་དྲིལ་སྒྲོག་བྱས་ཏེ། ཕྱོགས་གཉིས་ཀྱིས་སྨྱན་བྱད་ལག་རྩལ་བེད་སྤྱད་དེ་རང་རང་གི་འཚོ་བའི་བྱེད་ཐབས་དང་ཐུན་མོང་རེ་འདུན་མཉམ་སྤྱོད་བྱས་ནས། ཕྱོགས་གཉིས་ཀྱི་མང་ཚོགས་ཀྱི་ཕན་ཚུན་བཟོད་སྒོམ་དང་བརྩི་འཇོག་ལ་སྐུལ་འདེད་གཏོང་དགོས་ཟེར། །

རྩོམ་སྒྲིག་པ། : རྡོ་རྗེ་བསམ་འགྲུབ།