ཀྲུང་གོ་བོད་ཀྱི་དྲ་བ།

ཨ་ཧྥུའུ་ཧན་ཤར་ཕྱོགས་ས་ཁུལ་ནས་འགས་གཏོར་འཇབ་རྒོལ་དོན་རྐྱེན་བྱུང་སྟེ་མི་དགུ་རྐྱེན་ལམ་དུ་ཤོར།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-07-26
ཡིག་གཟུགས། :ཆུང་། འབྲིང་། ཆེ།

12.jpg

ཟླ་བདུན་པའི་ཚེས་ཉེར་ལྔ་ཉིན། ཨ་ཧྥུའུ་ཧན་ཤར་ཕྱོགས་ཀྱི་ནན་ཀི་ཧཱ་ཨར་ཞིང་ཆེན་གྱི་ལྟེ་གནས་གྲོང་ཁྱེར་ཅཱ་ལཱ་ལཱ་པཱ་ཏི་ཡི་འགས་གཏོར་ཁྲོད་རྨས་ཕོག་པའི་བྱིས་པ་ས་དེའི་སྨན་ཁང་དུ་བསྐྱལ་ནས་གསོ་བཅོས་བྱེད་བཞིན་པ། 

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཨ་ཧྥུའུ་ཧན་ཤར་ཕྱོགས་ཀྱི་ནན་ཀི་ཧཱ་ཨར་ཞིང་ཆེན་གྱི་ཧུའུ་ཅི་ཡཱ་ནེ་ས་ཁུལ་དུ་ཚེས་ཉེར་ལྔ་ཉིན་འགས་གཏོར་འཇབ་རྒོལ་དོན་རྐྱེན་ཞིག་བྱུང་སྟེ། མི་དགུ་རྐྱེན་ལམ་དུ་ཤོར་བ་དང་། མི་བཞིར་རྨས་ཕོག་ཡོད་ཟེར། 

ནན་ཀི་ཧཱ་ཨར་ཞིང་ཆེན་སྲིད་གཞུང་གི་མགྲིན་ཚབ་པ་ཧུའུ་ཅི་ཡཱ་ནེ་ཡིས་བཤད་རྒྱུར། ཚེས་ཉེར་ལྔ་ཉིན་གྱི་སྔ་དྲོར། རླངས་འཁོར་ཞིག་ཧུའུ་ཅི་ཡཱ་ནེ་ས་ཁུལ་དུ་བགྲོད་སྐབས་འགས་གཏོར་ཐེབས་པ་དང་། རླངས་འཁོར་སྟེང་གི་མི་དགུ་རྐྱེན་ལམ་དུ་ཤོར་ཡོད་ལ། མི་བཞི་ལ་རྨས་ཕོག 

ཤི་རྨས་ཐེབས་པའི་མི་ཚང་མ་ཁྱིམ་ཚང་གཅིག་གི་ཡིན་པ་དང་། ཁོ་ཚོ་ཉེ་འདབས་སྡེ་བར་གཉེན་སྟོན་ཞིག་ལ་འགྲོ་བཞིན་ཡོད་པ་རེད། 

གཞན་ཡང་བསྒྲགས་པ་ལྟར་ན། ཚེས་ཉེར་ལྔ་ཉིན་གྱི་སྔ་དྲོར་ཨ་ཧྥུའུ་ཧན་གྱི་རྒྱལ་ས་ཁཱ་པོར་ནས་བྱུང་བའི་འགས་གཏོར་དོན་རྐྱེན་ཐེངས་གསུམ་ལས་འཇབ་རྒོལ་མཁན་དང་བཅས་པའི་མི་བརྒྱད་རྐྱེན་ལམ་དུ་ཤོར་བ་དང་། མི་ཉེར་བདུན་ལ་རྨས་ཕོག་ཡོད་ཟེར། 

མིག་སྔར་རྩ་འཛུགས་དང་མི་སྒེར་གང་རུང་གིས་ཁཱ་པོར་དང་ནན་ཀི་ཧཱ་ཨར་ཞིང་ཆེན་གྱི་འགས་གཏོར་དོན་རྐྱེན་བཟོས་པ་ཁྱབ་སྒྲོག་བྱས་མེད། །

རྩོམ་སྒྲིག་པ། : རྡོ་རྗེ་བསམ་འགྲུབ།