ཀྲུང་གོ་བོད་ཀྱི་དྲ་བ།

སུའུ་ཏན་གྱི་མཐོ་རིམ་དཔོན་རིགས་མང་བོ་ལེགས་འགྲུབ་མ་བྱུང་བའི་སྲིད་འགྱུར་ལ་ཞུགས་པས་འཛིན་བཟུང་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-07-25
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  སུའུ་ཏན་དམག་ཕྱོགས་ཀྱིས་ཚེས་ཉེར་བཞིའི་ཉིན་གསལ་སྒྲོག་སྤེལ་ཏེ། མཐོ་རིམ་དམག་དཔོན་མང་བོ་དང་ཆབ་སྲིད་ལས་རིགས་ཀྱི་མི་སྣ་མང་བོ་ལེགས་འགྲུབ་མ་བྱུང་བའི་སྲིད་འགྱུར་ཞིག་ལ་ཞུགས་པས་འཛིན་བཟུང་བྱས་ཟེར། གསལ་སྒྲོག་ལས་ལེགས་འགྲུབ་མ་བྱུང་བའི་སྲིད་འགྱུར་དེ་དུས་ནམ་ཞིག་ལ་བྱུང་བ་དང་མི་སྣ་དེ་དག་འཛིན་བཟུང་བྱས་པའི་དུས་ཚོད་གསལ་བོར་བརྗོད་མེད། 

སུའུ་ཏན་དམག་ཕྱོགས་ཀྱི་གསལ་སྒྲོག་ལས་བཤད་རྒྱུར། སུའུ་ཏན་དྲག་ཆས་དམག་དཔུང་གི་སྤྱི་ཁྱབ་ཇུས་འདོན་དཔོན་པོ་མུའུ་ཐཱ་ལཱ་པུའུ·ཨེ་ཧཱ་མེད་ཏི་དང་སུའུ་ཏན་རྒྱལ་ཁབ་གསང་འཕྲིན་དང་བདེ་འཇགས་ཅུའུ་ཡི་མཐོ་རིམ་དཔོན་པོ་རེ་འགའ། དེ་མིན་སྲིད་འཛིན་ཏང་རྒྱལ་ཡོངས་ཚོགས་ཆེན་ཏང་གི་མགོ་ཁྲིད་པ་སྐོར་ཞིག་ཐེངས་འདིའི་ལེགས་འགྲུབ་མ་བྱུང་བའི་སྲིད་འགྱུར་གྱི་འཆར་འགོད་བྱ་བར་ཞུགས་ཡོད་ཟེར། 

གསལ་སྒྲོག་ལས་བཤད་རྒྱུར། སྲིད་འགྱུར་སློང་རྩིས་བྱེད་པའི་མི་སྣ་དག་འཛིན་བཟུང་བྱས་པ་དང་། མིག་སྔར་འབྲེལ་ཡོད་སྡེ་ཁག་གིས་ཁོ་ཚོར་རྟོག་ཞིབ་བྱེད་བཞིན་ཡོད་ཟེར། 

གཞན་ཡང་སུའུ་ཏན་འཕྲིན་གཏོང་ཁང་གིས་བསྒྲགས་པ་ལྟར་ན། སུའུ་ཏན་བར་བརྒལ་དམག་དོན་ཨུ་ཡོན་ལྷན་ཁང་གིས་ཟླ་བདུན་པའི་ཚེས་བཅུ་གཅིག་ཉིན་སྲིད་འགྱུར་གཡོ་ཇུས་ཤིག་ཕམ་ཉེས་སུ་བཏང་བ་དང་། ཉུང་མཐར་ཡང་དམག་མི་བཅུ་དྲུག་འཛིན་བཟུང་བྱས་ཡོད་པ་ཁྱབ་སྒྲོག་བྱས། སྐབས་ཐོག་དེར་དམག་ཕྱོགས་ཀྱིས་ལེགས་འགྲུབ་མ་བྱུང་བའི་སྲིད་འགྱུར་གྱི་འཆར་འགོད་མཁན་གཙོ་བོ་རྩད་ཞིབ་བྱེད་བཞིན་ཡོད་ཟེར།  །

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།