ཀྲུང་གོ་བོད་ཀྱི་དྲ་བ།

ཐུར་ཁེ་ཡིས་དབྱི་སི་ཐན་པོར་ནས་ཐོ་འགོད་བྱས་མེད་པའི་སི་རི་ཡཱའི་ཡུལ་གྱར་བ་དག་གྲོང་ཁྱེར་དེ་དང་འབྲལ་དགོས་པའི་རེ་བ་བཏོན།

ཡོང་ཁུངས། : ཞིན་ཧྭ་གསར་འགྱུར་དྲ་བ།     སྤེལ་དུས། : 2019-07-24
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཐུར་ཁེའི་དབང་འཛིན་ལས་ཁུངས་ཀྱིས་ཚེས་ཉེར་གཉིས་ཉིན་དབྱི་སི་ཐན་པོར་ནས་ཐོ་འགོད་བྱས་མེད་པའི་སི་རི་ཡཱའི་ཡུལ་གྱར་བ་དག་ཟླ་བརྒྱད་པའི་ཚེས་ཉི་ཤུའི་སྔོན་ལ་ཐུར་ཁེའི་ཆེས་ཆེ་བའི་གྲོང་ཁྱེར་དེ་དང་འབྲལ་དགོས་པའི་རེ་བ་བཏོན་ཡོད། 

དབྱི་སི་ཐན་པོར་ཞིང་ཆེན་གྱི་ཧྲིན་ཀྲང་གཞུང་སྒྲུབ་ཁང་གིས་ཡིག་ཐོག་གསལ་སྒྲོག་སྤེལ་ཏེ། ཐུར་ཁེའི་ས་ཁུལ་གཞན་ནས་ཐོ་འགོད་བྱས་པའི་སི་རི་ཡཱའི་གྱུར་བ་དག་གཏན་འཁེལ་བྱས་པའི་དུས་ཚོད་ནང་དབྱི་སི་ཐན་པོར་དང་བྲལ་ནས་ཐོ་འགོད་བྱེད་སའི་གནས་སུ་འགྲོ་དགོས་པའི་རེ་བ་བཏོན། གསལ་སྒྲོག་ལས་བཀའ་རྒྱ་དང་ལེན་མི་བྱེད་པ་དག་ལ་ཐུར་ཁེའི་ནང་སྲིད་པུའུ་ཡི་བཀའ་རྒྱ་ལྟར་བཙན་གྱིས་གནས་སྤོར་བྱེད་དུ་འཇུག་རྒྱུ་ཡིན་ཟེར། 

གསལ་སྒྲོག་ལས་ད་རུང་བཤད་རྒྱུར། མིག་སྔར་དབྱི་སི་ཐན་པོར་གྲོང་ཁྱེར་གྱིས་ཡུལ་གྱར་བ་ཐོ་འགོད་བྱེད་རྒྱུ་མིན་པ་དང་། ཐོ་འགོད་བྱས་མེད་པའམ་ཡང་ན་གནས་སྐབས་ཀྱི་སྲུང་སྐྱོབ་ཐོབ་ཐང་ཐོབ་པའི་ཁྲིམས་འགལ་གནས་སྤོར་སྡོད་དམངས་དག་འཛིན་བཟུང་བྱས་རྗེས་ཕྱིར་ལྡོག་བྱེད་རྒྱུ་ཡིན། དབྱི་སི་ཐན་པོར་རླངས་འཁོར་འབབ་ཚིགས་དང་མེ་འཁོར་འབབ་ཚིགས། གནམ་གྲུ་ཐང་སོགས་སུ་དོ་དམ་ཚོད་འཛིན་བྱེད་ཐབས་ལག་བསྟར་བྱས་ཡོད་པའི་དབང་གིས་གསལ་སྒྲོག་ལས་ཡུལ་གྱར་བ་དག་གིས་འབྲེལ་ཡོད་ཀྱི་ཐོབ་ཐང་དཔང་ཡིག་དེ་གང་ལ་སོང་ཡང་ཁྱེར་དགོས་པའི་རེ་བ་བཏོན་ཡོད། །

རྩོམ་སྒྲིག་པ། : ཀླུ་འབུམ་ཚེ་རིང་།