ཀྲུང་གོ་བོད་ཀྱི་དྲ་བ།

ཕྱི་རྒྱལ་གྱི་དབྱེ་ཞིབ་མི་སྣས་ཀྲུང་གོའི་དཔལ་འབྱོར་འཁོར་རྒྱུག་དུས་བབ་བརྟན་པོ་ཡོད་པར་ལྟ་སྟངས་ཡག་པོ་འཛིན་པ།

ཡོང་ཁུངས། : མི་དམངས་ཉིན་རེའི་ཚགས་པར།     སྤེལ་དུས། : 2019-07-23
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁས་ནས་འབྱོར་བའི་གློག་འཕྲིན་ལྟར། ཀྲུང་གོའི་རྒྱལ་ཁབ་བསྡོམས་རྩིས་ཅུས་ཀྱིས་ཉེ་ཆར་ཡོངས་བསྒྲགས་བྱས་པའི་ཀྲུང་གོའི་དཔལ་འབྱོར་གྱི“ལོ་སྟོད་སྙན་ཞུ”ལས་མངོན་གསལ། ལོ་སྟོད་དུ་ཀྲུང་གོའི་དཔལ་འབྱོར་དུས་མཚུངས་ལས་6.3%འཕར་ནས་སྤྱིའི་ཆ་ནས་བརྟན་པོ་དང་བརྟན་ཐོག་ཡར་འཕེལ་གྱི་རྣམ་པ་རྒྱུན་འཁྱོངས་ཐུབ་ཅིང་། ཕྱི་རྒྱལ་གྱི་རིགས་གཅིག་མཁས་ཅན་དང་ལས་རིགས་ཀྱི་མི་སྣ་མི་ཉུང་བ་ཞིག་གིས་ཕྱི་རོལ་གྱི་གཏན་འཁེལ་མེད་པའི་རང་བཞིན་ཆེ་རུ་ཕྱིན་མོད། འོན་ཀྱང་ཀྲུང་གོའི་དཔལ་འབྱོར་སྔར་བཞིན་བརྟན་པོ་རྒྱུན་འཁྱོངས་ཐུབ་ནས་འཛམ་གླིང་གི་དཔལ་འབྱོར་འཕར་རྒྱུར་མུ་མཐུད་སྒུལ་ཤུགས་བསྣན་ཡོད་ཅེས་བརྗོད་པ་རེད། འཇར་མན་ཁོ་ལུང་དཔལ་འབྱོར་ཞིབ་འཇུག་སུའོ་ཡི་དཔལ་འབྱོར་རིག་པ་མཁས་ཅན་ཁེ་ལི་སི་ཏི་ཨན·ལུའུ་ཧྲེས་ཚོང་དོན་རྩོད་གཞི་དང་། དབྱིན་ཇི“ཡོ་རོབ་མནའ་འབྲེལ་ནས་བྲལ་བ”དང་འཛམ་གླིང་དབུས་ཤར་ས་ཁུལ་གྱི་དུས་བབ་ཛ་དྲག་ཏུ་ཕྱིན་པ་སོགས་ཕྱི་རོལ་གྱི་གཏན་འཁེལ་མེད་པའི་རང་བཞིན་གྱིས་འཛམ་གླིང་གི་དཔལ་འབྱོར་འཕེལ་རྒྱས་ལ་ཤུགས་རྐྱེན་ངན་པ་བཟོས་མོད། འོན་ཀྱང་རྒྱབ་ལྗོངས་དེ་འདྲའི་འོག་ཀྲུང་གོའི་དཔལ་འབྱོར་སྔར་བཞིན་6%ལྷག་ཙམ་འཕར་ནས་འཕེལ་ཚུལ་ཧ་ཅང་ཡག་པོ་ཡོད་ཅེས་བརྗོད་པ་རེད། ཁེན་ནི་ཡའི་ཀྲུང་ཧྥེའི་གནད་དོན་རིགས་གཅིག་མཁས་ཅན་ཨ་ཏེ་ཤིར·ཁ་ཝུན་སིས་ཚོང་དོན་སྲུང་སྐྱོང་རིང་ལུགས་གནས་ཚུལ་གྱིས་གོ་ལ་ཧྲིལ་པོའི་དཔལ་འབྱོར་ལ་འགོག་རྐྱེན་བཟོས་པའི་ཁོར་ཡུག་ཆེན་པོའི་འོག་ཀྲུང་གོས་གོ་ལ་ཧྲིལ་པོའི་དཔལ་འབྱོར་འཕར་རྒྱུར་སྒུལ་ཤུགས་ཀྱི་ནུས་པ་མུ་མཐུད་འདོན་སྤེལ་བྱེད་རྒྱུ་རེད་ཅེས་ནན་བཤད་བྱས་པ་རེད། ཤིས་ཉི་ཚན་རྩལ་སློབ་ཆེན་ཨོ་ཀྲུང་འབྲེལ་བ་ཞིབ་འཇུག་ཁང་གི་ལག་བསྟར་ཡོན་ཀྲང་ཀྲན་མུའུ་སི·ལོ་ལུན་སི་སན་གྱིས་རྒྱལ་ནང་གི་དགོས་མཁོའི་སྐུལ་འདེད་ཀྱིས་རྐྱེན་པས་ཀྲུང་གོའི་ཞབས་ཞུའི་ལས་རིགས་སྔར་བཞིན་འཕེལ་རྒྱས་ཤུགས་ཆེན་འགྲོ་ཚུལ་མངོན་ཡོད་ཅེས་བརྗོད་པ་རེད། ཨུ་རུ་སུའི་མཐོ་རིམ་དཔལ་འབྱོར་སློབ་གླིང་གི་ཤར་ཕྱོགས་རིག་པའི་སློབ་དཔྱོད་ཁང་གི་ཀྲུའུ་རེན་ཨ་ལེ་ཁེ་ཤེ· མ་སི་ལོ་ཕུའུ་ཡིས་ཀྲུང་གོ་འདི་ཉིད་ཕྱིར་གཏོང་གྲུབ་ཆ་ཕྱོགས་སྒྱུར་རིམ་སྤོར་གྱི་དུས་མཚམས་སུ་སླེབས་ཡོད་པས་བར་བརྒལ་དུས་མཚམས་སུ་དཔལ་འབྱོར་འཕར་ཚད་འགོར་དུ་ཕྱིན་པ་དེ་སྔོན་དཔག་དང་མཐུན་ཡོད། ཀྲུང་གོ་སྲིད་གཞུང་གིས་ཁྲལ་རིན་གཉིས་གཅོག་དང་ཚན་རྩལ་འདུས་ཚད་མཐོ་བའི་ཁེ་ལས་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱེད་པ་སོགས་ཀྱི་བྱ་ཐབས་སྤྱད་པ་དེ་རྒྱལ་ནང་གི་ཁྲོམ་ར་འཁྲུག་ཏུ་འགྲོ་བར་ཕན་པ་ཡོད་ལ། དཔལ་འབྱོར་འཕར་རྒྱུར་ཡང་ཕན་པ་ཡོད་པའི་ངོས་འཛིན་བྱས་པ་རེད། རི་པིན་དཔལ་འབྱོར་གསར་འགྱུར་དྲ་བས་དབྱེ་ཞིབ་བྱས་པའི་ནང་དུས་མཚུངས་ཀྱི་གྲངས་གཞིའི་ཐོག་ནས་བལྟས་ན། ཀྲུང་གོའི་དཔལ་འབྱོར་དུས་ཚིགས་གཉིས་པའི་འཕར་ཚད་དུས་ཚིགས་དང་པོ་ལས་འགོར་བ་ཡོད་མོད། འོན་ཀྱང་རི་པིན་དང་དར་རྒྱས་ཆེ་བའི་རྒྱལ་ཁབ་གཞན་དག་གི་གོམས་སྲོལ་དུ་གྱུར་པའི་ཟླ་གོང་མའི་ལོ་རེའི་སྔོན་རྩིས་འཕར་ཚད་བསྡོམས་རྩིས་བྱ་ཐབས་ལྟར་བལྟས་ན། དུས་ཚིགས་གཉིས་པར་ཀྲུང་གོའི་དཔལ་འབྱོར་འཕར་ཚད་དོན་དངོས་ཐོག་དུས་ཚིགས་དང་པོ་ལས་དེ་བས་མགྱོགས་པ་ཡོད་པའི་ངོས་འཛིན་བྱས་ཡོད་པ་རེད། དབྱེ་ཞིབ་མི་སྣ་མི་ཉུང་བ་ཞིག་གིས་ཟླ་6པར་ཀྲུང་གོའི་དཔལ་འབྱོར་ལ་འགྱུར་ལྡོག་ཡག་པོ་ཕྱིན་པར་དེ་བས་མཐོང་ཆེན་བྱེད་ཅིང་། གྲངས་གཞི་ལས་མངོན་གསལ། ཟླ་6པར་ཀྲུང་གོའི་གཞི་ཁྱོན་ཡན་གྱི་བཟོ་ལས་འཕར་ཐང་འཕར་ཚད་ཟླ་5པ་ལས་བརྒྱ་ཆའི་གྲངས་1.3འཕར་མགྱོགས་སུ་ཕྱིན་ཡོད་ལ། ཞབས་ཞུའི་ལས་རིགས་ཀྱང་མུ་མཐུད་ཅུང་མགྱོགས་པོ་འཕར་ཡོད་པ་རེད། ཨ་རིའི་ཁྲོམ་ར་ཞིབ་འཇུག་སྒྲིག་གཞིའི་ཚད་གཞི་མཐོ་བའི་དཔལ་འབྱོར་ཆ་འཕྲིན་གཏོད་མཁན་དང་དབུ་བཞུགས་རྒྱལ་སྤྱིའི་དཔལ་འབྱོར་རིག་པ་མཁས་ཅན་ཁར· ཝེ་དབྱིན་པེ་ཀེས་ཀྲུང་གོའི་དཔལ་འབྱོར་འཕེལ་རྒྱས་ལ་ལྟ་སྐབས་ཟླ་6པའི་སྤྱི་ཁོག་དཔལ་འབྱོར་ལེགས་སུ་འགྲོ་ཚུལ་ལ་དེ་བས་མཐོང་ཆེན་བྱེད་དགོས། དེ་ཐོག་ནས་དེ་བས་དགེ་མཚན་ལྡན་པའི་འགྱུར་ལྡོག་འགྲོ་ཚུལ་མཚོན་ཐུབ་ཅེས་བརྗོད་པ་རེད། ལའོ་ལུན་སི་སན་གྱིས་ཀྲུང་གོ་སྲིད་གཞུང་གིས་ཁྲོམ་ར་ཕྱོགས་སྟོན་དུ་འཛིན་པའི་སྒྱུར་བཅོས་མཐའ་འཁྱོངས་བྱས་ཡོད་པས་ཀྲུང་གོའི་ཡུན་རིང་དཔལ་འབྱོར་གྱི་མདུན་ལམ་ཡག་པོ་ཡོད་ཅེས་བརྗོད་པ་རེད།

རྩོམ་སྒྲིག་པ། : ཀླུ་འབུམ་ཚེ་རིང་།