ཀྲུང་གོ་བོད་ཀྱི་དྲ་བ།

ཕཱ་ཁི་སི་ཐན་ནུབ་བྱང་ས་ཁུལ་དུ་ཉེན་རྟོག་པར་འཇབ་རྒོལ་བྱས་པའི་དོན་རྐྱེན་བྱུང་ནས་མི་དྲུག་རྐྱེན་ལམ་དུ་ཤོར།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-07-22
ཡིག་གཟུགས། :ཆུང་། འབྲིང་། ཆེ།

༡.jpg

ཟླ7པའི་ཚེས21ཉིན། ཕཱ་ཁི་སི་ཐན་ནུབ་བྱང་ཕྱོགས་ཀྱི་ཏི་ལཱ་དབྱེ་སི་མེ་ཨར་ཧན་ས་ཁུལ་དུ། ཉེན་རྟོག་པས་འཇབ་རྒོལ་དོན་རྐྱེན་བྱུང་སར་ལྟ་རྟོག་བྱེད་བཞིན་པ། 

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཕཱ་ཁི་སི་ཐན་ནུབ་བྱང་ཕྱོགས་ཀྱི་ཏི་ལཱ་དབྱེ་སི་མེ་ཨར་ཧན་ས་ཁུལ་དུ་ཚེས21ཉིན་ཉེན་རྟོག་པར་དམིགས་པའི་འཇབ་རྒོལ་དོན་རྐྱེན་ཐེངས་གཉིས་བྱུང་སྟེ། ཉེན་རྟོག་པ་དྲུག་རྐྱེན་ལམ་དུ་ཤོར་བ་དང་། གཞན་ཡང་མི་མང་བོར་རྨས་ཕོག་ཟེར། 

ཉེན་རྟོག་ཕྱོགས་ཀྱིས་བཤད་རྒྱུར། འཇབ་རྒོལ་དོན་རྐྱེན་ཐོག་མ་དེ་ཏི་ལཱ་དབྱེ་སི་མེ་ཨར་ཧན་ས་ཁུལ་གྱི་ཉེན་རྟོག་པའི་ཞིབ་བཤེར་ས་ཚིགས་ཤིག་ནས་བྱུང་བ་དང་། ཐོབ་ཐང་གསལ་བོར་མི་ཤེས་པའི་དྲག་ཆས་མི་སྣས་ཞིབ་བཤེར་ས་ཚིགས་ལ་འཇབ་རྒོལ་བྱས་ཏེ། ཉེན་རྟོག་པ་གཉིས་རྐྱེན་ལམ་དུ་ཤོར་བ་དང་། མི་མང་བོར་རྨས་ཕོག དྲག་ཆས་མི་སྣ་དེའི་རྗེས་སུ་བྲོས་བྱོལ་བྱས། 

འཇབ་རྒོལ་ཐེངས་གཉིས་པ་དེ་སྔོན་གྱི་འཇབ་རྒོལ་ཁྲོད་ཀྱི་རྨས་མ་དང་ལེན་དང་གསོ་བཅོས་བྱེད་པའི་སྨན་ཁང་ནས་བྱུང་བ་རེད། རྨས་མ་དག་ས་དེའི་སྨན་ཁང་དུ་བསྐྱལ་ནས་གསོ་བཅོས་བྱེད་སྐབས། འཇབ་རྒོལ་མཁན་ཞིག་གིས་སྨན་ཁང་གི་སྒོ་ཁ་ནས་རང་ལུས་ཀྱི་འགད་རྫས་འགས་གཏོར་བཏང་སྟེ། ཉེན་རྟོག་པ་བཞི་རྐྱེན་ལམ་དུ་ཤོར་བ་དང་། མི་མང་བོར་རྨས་ཕོག

བསྒྲགས་པ་ལྟར་ན། ཕཱ་ཁི་སི་ཐན་ཐཱ་ལེ་པན་གྱིས་དོན་རྐྱེན་དེར་འབྲེལ་བ་ཡོད་པ་ཁྱབ་སྒྲོག་བྱས་ཀྱང་། ཕཱ་ཁི་སི་ཐན་སྲིད་གཞུང་གིས་དོན་དེར་བདེན་དཔང་བྱས་མེད། 

ཏི་ལཱ་དབྱེ་སི་མེ་ཨར་ཧན་ས་ཁུལ་དེ་ཕཱ་ཁི་སི་ཐན་ནུབ་བྱང་ཕྱོགས་ཀྱི་ཁའེ་པའོ་ཨར་དང་ཕུའུ་ཧྲི་ཐུའུ་ཞིང་ཆེན་དུ་ཡོད་པ་དང་། སྔོན་ཆད་གནས་དེ་ནི་ཁྲིམས་འགལ་དྲག་ཆས་ཉེས་ཅན་སྦས་སྐོང་བྱེད་སའི་གནས་གཙོ་བོ་ཞིག་ཡིན་པ་རེད། 


རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།