ཀྲུང་གོ་བོད་ཀྱི་དྲ་བ།

དབྱི་སི་ལན་རྒྱལ་ཁབ་ཅེས་པའི་ཐལ་སྤྱོད་རྩ་འཛུགས་ཀྱི་དྲག་ཆས་ཉེས་ཅན་བདུན་དབྱི་རག་བྱང་ཕྱོགས་ས་ཁུལ་ནས་བསད།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-07-22
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  དབྱི་རག་དམག་ཕྱོགས་ཀྱིས་ཚེས་ཉེར་གཅིག་ཉིན་བཤད་རྒྱུར། དབྱི་རག་བདེ་འཇགས་དམག་དཔུང་དང་ཨ་མེ་རི་ཁ་གཙོ་བྱས་པའི་དབྱི་སི་ལན་རྒྱལ་ཁབ་ཅེས་པའི་ཐལ་སྤྱོད་རྩ་འཛུགས་ལ་ཆམ་ཕབ་གཏོང་བའི་རྒྱལ་སྤྱིའི་མནའ་འབྲེལ་གྱིས་ཉིན་དེར་དབྱི་རག་བྱང་ཕྱོགས་ཀྱི་ནེ་ནེ་ཝེ་ཞིང་ཆེན་ནས་དམག་དོན་འགུལ་སྐྱོད་སྤེལ་ཏེ། དབྱི་སི་ལན་རྒྱལ་ཁབ་ཅེས་པའི་ཐལ་སྤྱོད་རྩ་འཛུགས་ཀྱི་དྲག་ཆས་ཉེས་ཅན་བདུན་བསད། 

དབྱི་རག་མཉམ་འབྲེལ་འགུལ་སྐྱོད་བཀོད་འདོམ་པུའུ་ཡིས་གསལ་སྒྲོག་སྤེལ་ཏེ། དབྱི་རག་བདེ་འཇགས་དམག་དཔུང་དང་ཚོ་ཁག་དྲག་ཆས་པས་ཉིན་དེར་ནེ་ནེ་ཝེ་ཞིང་ཆེན་གྱི་ལྟེ་གནས་གྲོང་ཁྱེར་མའོ་སུའུ་ཨར་ལྷོ་ངོས་ས་ཁུལ་དུ་སྔོག་བཤེར་འགུལ་སྐྱོད་སྤེལ་ཏེ། དབྱི་སི་ལན་རྒྱལ་ཁབ་ཅེས་པའི་ཐལ་སྤྱོད་རྩ་འཛུགས་ཀྱི་དྲག་ཆས་ཉེས་ཅན་བཞི་བསད་པ་དང་། དྲག་ཆས་ཉེས་ཅན་གྱི་སྦས་སྐོང་བྱེད་ས་མང་བོ་དང་འགད་རྫས་སྒྲིག་ཆས་གཉིས་ལ་གཏོར་བཤིག་བཏང་ཟེར། 

གསལ་སྒྲོག་ལས་བཤད་རྒྱུར། རྒྱལ་སྤྱིའི་མནའ་འབྲེལ་གྱིས་ཉིན་དེར་གནམ་གྲུ་མངག་ནས་ནེ་ནེ་ཝེ་ཞིང་ཆེན་གྱི་སི་རི་ཡཱའི་མཐའ་མཚམས་སུ་ཉེ་བའི་པེད་ཨ་ཅི་ས་ཁུལ་དུ་བར་སྣང་ཆམ་ཕབ་བཏང་སྟེ། དབྱི་སི་ལན་རྒྱལ་ཁབ་ཅེས་པའི་ཐལ་སྤྱོད་རྩ་འཛུགས་ཀྱི་དྲག་ཆས་ཉེས་ཅན་གསུམ་བསད་པ་དང་། དྲག་ཆས་ཉེས་ཅན་གྱི་སྦས་སྐོང་བྱེད་ས་བཅུ་དགུར་གཏོར་བཤིག་བཏང་ཟེར། 


རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།