ཀྲུང་གོ་བོད་ཀྱི་དྲ་བ།

ཨུ་རུ་སིའི་ཕྱི་འབྲེལ་བློན་ཆེན་གྱིས་ཨུ་རུ་སི་དང་ཡོ་རོབ་གླིང་གི་འབྲེལ་བ་རྒྱུན་ལྡན་དུ་འགྱུར་ཐུབ་མིན་དེ་ཡོ་རོབ་གླིང་མནའ་འབྲེལ་ལ་རག་ལས་པའི་ཚུལ་བསྟན།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-07-19
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཨུ་རུ་སིའི་ཕྱི་འབྲེལ་བློན་ཆེན་ལཱ་ཧྥུའུ་ལོ་ཧྥུའུ་ཡིས་ཚེས་བཅོ་བརྒྱད་ཉིན་འཇར་མན་གྱི་ལའེ་དབྱིན་སྦྲགས་སྲིད་ཚགས་པར་གྱི་ཆེད་དོན་བཅར་འདྲི་དང་ལེན་བྱེད་སྐབས་བཤད་རྒྱུར། ཨུ་རུ་སི་དང་ཡོ་རོབ་གླིང་མནའ་འབྲེལ་གྱི་འབྲེལ་བ་རྒྱུན་ལྡན་དུ་འགྱུར་ཐུབ་མིན་དེ་གཙོ་བོ་ཡོ་རོབ་གླིང་མནའ་འབྲེལ་ཕྱོགས་ལ་འབྲེལ་བ་ཡོད་ཟེར། 

ལཱ་ཧྥུའུ་ལོ་ཧྥུའུ་ཡིས་བཤད་རྒྱུར། ཨུ་རུ་སི་ཡིས་སྔར་ལས་ལྷག་པའི་སྒོ་ནས་ཡོ་རོབ་གླིང་མནའ་འབྲེལ་བར་གྱི་འབྲེལ་བའི་འཕེལ་རྒྱས་སླར་གསོ་བྱེད་པར་གྲ་སྒྲིག་བྱས་ཡོད་པ་དང་། ཡོ་རོབ་གླིང་མནའ་འབྲེལ་ཕྱོགས་ཀྱིས་ཨུ་རུ་སིའི་བར་གྱི་འབྲེལ་བ་ལེགས་བཅོས་བྱེད་འདོད་ན། ཐོག་མར་རང་ཉིད་ཀྱིས་ཨུ་རུ་སི་ལ་བཟུང་བའི་ལངས་ཕྱོགས་བསྒྱུར་དགོས། ཨུ་རུ་སི་ལ་བཀག་སྡོམ་བྱེད་པའི་སྲིད་ཇུས་ཀྱིས་ཡོ་རོབ་གླིང་མནའ་འབྲེལ་ལ་གྱོང་གུད་ཚབས་ཆེན་བཟོ་སྲིད་པ་དང་། དེའི་ནང་མེ་སྒོར་དུང་ཕྱུར་བཅུ་ཕྲག་འགའི་ཡོང་འབབ་གྱོང་གུད་དང་མི་ཁྲི་ཕྲག་མང་བོའི་བྱ་བ་ཤོར་བ་སོགས་འདུས་ཟེར། 

ལཱ་ཧྥུའུ་ལོ་ཧྥུའུ་ཡིས་ད་རུང་བཤད་རྒྱུར། དེང་སྐབས་བྱང་ཆིངས་རྩ་འཛུགས་ཀྱི་སྲིད་ཇུས་ལ་ཨུ་རུ་སི་ཡིས་དོགས་ཟོན་མཐོར་འདེགས་བྱས་ཡོད། བྱང་ཆིངས་རྩ་འཛུགས་ཀྱིས་དམག་དོན་འགྲོ་སོང་མུ་མཐུད་དུ་ཇེ་མང་དུ་བཏང་སྟེ། བཙན་འཛུལ་རང་བཞིན་གྱི་དགྲར་འཛིན་སྲིད་ཇུས་ལག་བསྟར་བྱས་པས། ས་ཁུལ་གྱི་ཛ་དྲག་གནས་བབ་ཇེ་སྡུག་ཏུ་སོང་བ་དང་། འཁྲུག་རྩོད་དོན་རྐྱེན་འབྱུང་བའི་ཉེན་ཁ་སྔར་ལས་ཇེ་ཆེར་སོང་ཡོད། དེ་ཡོ་རོབ་གླིང་གི་གཏན་འཇགས་དང་བདེ་འཇགས་ལ་སྲུང་སྐྱོབ་བྱེད་པར་ཕན་ཐོགས་མེད་ཟེར། 

ལཱ་ཧྥུའུ་ལོ་ཧྥུའུ་ཡིས་བསྟན་དོན། མིག་སྔར་ཨུ་རུ་སི་དང་འཇར་མན་གྱི་འབྲེལ་བར་འགྱུར་ལྡོག་བཟང་བོ་བྱུང་བ་དང་། དེ་རྒྱལ་ཁབ་གཉིས་ཀྱི་དཔལ་འབྱོར་ཉོ་ཚོང་མཉམ་ལས་དང་མི་གཞུང་བརྗེ་རེས། ཚན་རིག་སློབ་གསོའི་བརྗེ་རེས། དམངས་ཁྲོད་མཉམ་ལས་སོགས་ཀྱི་ཐད་ནས་མངོན་པར་བྱས་ཡོད། ཨུ་རུ་སིའི་ཕྱོགས་ཀྱིས་འཇར་མན་དང་མཉམ་དུ་ཕྱོགས་ཡོངས་ཀྱི་མཉམ་ལས་འབྲེལ་བ་འཕེལ་རྒྱས་སུ་གཏོང་བར་བརྩོན་བཞིན་ཡོད་ལ། ཨུ་རུ་སི་དང་འཇར་མན་གྱི་འབྲེལ་བ་ལེགས་བཅོས་བྱས་ན་རྒྱལ་ཁབ་གཉིས་ལ་ཕན་ཐོགས་ཡོད་ཟེར། 


རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།