ཀྲུང་གོ་བོད་ཀྱི་དྲ་བ།

སུའུ་ཏན་བར་བརྒལ་དམག་དོན་ཨུ་ཡོན་ལྷན་ཁང་དང་ངོ་རྒོལ་ཕྱོགས་ཁག་གིས་རྒྱལ་ཁབ་བར་བརྒལ་དུས་སྐབས་ཀྱི་བཅོས་སྐྱོང་ལས་ཁུངས་འཛུགས་པའི་གྲོས་མཐུན་དངོས་སུ་བཀོད།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-07-18
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  སུའུ་ཏན་བར་བརྒལ་དམག་དོན་ཨུ་ཡོན་ལྷན་ཁང་དང་སུའུ་ཏན་གྱི་ངོ་རྒོལ་ཕྱོགས་ཁག་གཙོ་བོ་རང་དབང་དང་བཅོས་བསྒྱུར་མནའ་འབྲེལ་གྱིས་ཚེས་བཅུ་བདུན་ཉིན་ཁཱ་ཐུའུ་མུའུ་ནས་རྒྱལ་ཁབ་བར་བརྒལ་དུས་སྐབས་ཀྱི་བཅོས་སྐྱོང་ལས་ཁུངས་འཛུགས་པའི་གྲོས་མཐུན་དངོས་སུ་བཀོད།

གྲོས་མཐུན་ལྟར་ན། ཕྱོགས་གཉིས་ཀྱིས་རྒྱལ་ཁབ་བར་བརྒལ་དུས་སྐབས་ནང་མཉམ་དུ་སྲིད་གཞུང་གི་འབྲེལ་ཡོད་ལས་ཁུངས་འཛུགས་རྒྱུ་ཡིན་པ་རེད། གྲོས་མཐུན་ལས་ཕྱོགས་གཉིས་ཀྱིས་ཕན་ཚུན་བརྩི་འཇོག་བྱེད་པའི་ལངས་ཕྱོགས་སྟེང་གྲོས་མོལ་ལ་བརྟེན་ནས་འགལ་བ་ཐག་གཅོད་བྱེད་དགོས་པའི་གཏན་འཁེལ་བྱས་ཡོད། གྲོས་མཐུན་ལས་མི་བཅུ་གཅིག་གིས་གྲུབ་པའི་མཉམ་འབྲེལ་བདག་དབང་ཨུ་ཡོན་ལྷན་ཁང་རྩ་འཛུགས་བྱས་ཏེ་མིག་སྔའི་ཆེས་མཐོའི་དབང་ཤུགས་ལས་ཁུངས་སུ་བྱེད་རྒྱུ་ཐག་བཅད་ཡོད། ཨུ་ཡོན་ལྷན་ཁང་གི་ཁོངས་མིར་མི་སེར་དཀྱུས་མའི་འཐུས་མི་དྲུག་དང་དམག་ཕྱོགས་ཀྱི་འཐུས་མི་ལྔ་འདུས། དེའི་ནང་མི་སེར་དཀྱུས་མའི་འཐུས་མི་གཅིག་དམག་ཕྱོགས་དང་ངོ་རྒོལ་ཕྱོགས་ཁག་གིས་གྲོས་མོལ་བྱས་ཏེ་གཏན་འཁེལ་བྱ་དགོས་པ་རེད། མཉམ་འབྲེལ་བདག་དབང་ཨུ་ཡོན་ལྷན་ཁང་ལ་གྲོས་མཐུན་བཀོད་དེ་ནུས་ལྡན་དུ་གྱུར་བའི་རྗེས་ཀྱི་ཟླ་ངོ་ཉེར་གཅིག་ནང་དམག་ཕྱོགས་ཀྱི་འཐུས་མིས་མགོ་འཛིན་བྱེད་པ་དང་། དེའི་རྗེས་ཀྱི་ཟླ་ངོ་བཅོ་བརྒྱད་ནང་མི་སེར་དཀྱུས་མའི་འཐུས་མིས་མགོ་འཛིན་བྱེད་རྒྱུ་རེད། 

གྲོས་མཐུན་ལས་ད་རུང་གཏན་འཁེལ་བྱས་དོན། ཕྱོགས་གཉིས་ཀྱིས་མཉམ་དུ་པུའུ་ཀྲང་རིམ་པའི་ཨུ་ཡོན་ལྷན་ཁང་རྩ་འཛུགས་བྱེད་རྒྱུ་མ་ཟད། རང་དབང་དང་བཅོས་བསྒྱུར་མནའ་འབྲེལ་གྱིས་རྒྱལ་ཁབ་བར་བརྒལ་དུས་སྐབས་ཀྱི་རིག་གནས་བྱ་བ་བྱེད་པའི་སྲིད་གཞུང་གི་ཙུང་ལི་མཚམས་སྦྱོར་བྱེད་པའི་དབང་ཆ་བསྩལ་ཡོད་ལ། པུའུ་ཀྲང་ཨུ་ཡོན་ལྷན་ཁང་དེ་ཆེས་མང་ན་མི་ཉེར་གཉིས་ཀྱིས་གྲུབ་ཡོད། 

དེ་ལས་གཞན་ཕྱོགས་གཉིས་ཀྱིས་ཁྲིམས་འཛུགས་ཨུ་ཡོན་ལྷན་ཁང་འཛུགས་པའི་བྱ་བ་དེ་མཉམ་འབྲེལ་བདག་དབང་ཨུ་ཡོན་ལྷན་ཁང་དང་པུའུ་ཀྲང་ཨུ་ཡོན་ལྷན་ཁང་གི་རྩ་འཛུགས་ཡོངས་འགྲུབ་བྱེད་རག་བར་རྗེས་སུ་སྣུར་བར་ཡིད་འཐད་བྱུང་། 

སུའུ་ཏན་གནད་དོན་གྱི་འདུམ་འགྲིག་གི་འགན་ཁུར་བའི་ཨ་ཧྥེ་རི་ཁ་གླིང་མནའ་འབྲེལ་གྱི་ཆེད་མངག་ཕོ་ཉ་ལའེ་པཱ་ཐི་ཡིས་མིང་འགོད་པའི་མཛད་སྒོའི་སྟེང་གཏམ་བཤད་སྤེལ་ཏེ། གྲོས་མཐུན་དེས་སུའུ་ཏན་གྱིས་བཏོད་པའི་དུས་རབས་གསར་བར་རྨང་འདིང་ཐུབ་ངེས་རེད་ཟེར། 

རང་དབང་དང་བཅོས་བསྒྱུར་མནའ་འབྲེལ་གྱི་མགོ་ཁྲིད་པའི་ཁོངས་མི་དབྱེ་པུའུ་ལཱ་ཞིན་ཨ་མེན་གྱིས་ཉིན་དེར་བཤད་རྒྱུར། ཁོས་རང་དབང་དང་བཅོས་བསྒྱུར་མནའ་འབྲེལ་གྱི་ཚབ་བྱས་ཏེ་གྲོས་མཐུན་བཀོད་པར་དགའ་བསུ་ཞུས་པ་དང་། དེས་སུའུ་ཏན་མི་དམངས་ལ་ཕན་ཐོགས་ངེས་རེད་ཟེར། 

དུས་ཡུན་ཉིན་གཉིས་རིང་ཐད་ཀར་གྲོས་མོལ་བྱས་པ་བརྒྱུད། སུའུ་ཏན་བར་བརྒལ་དམག་དོན་ཨུ་ཡོན་ལྷན་ཁང་དང་རང་དབང་དང་བཅོས་བསྒྱུར་མནའ་འབྲེལ་གྱིས་ཟླ་བདུན་པའི་ཚེས་ལྔ་ཉིན་རྒྱལ་ཁབ་བར་བརྒལ་དུས་སྐབས་ཀྱི་བཅོས་སྐྱོང་ལས་ཁུངས་འཛུགས་པར་གྲོས་མཐུན་བཀོད་པ་རེད། 


རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།