ཀྲུང་གོ་བོད་ཀྱི་དྲ་བ།

ཀུའུ་ཐི་ལོས་སི་ཡིས་རྒྱལ་ཁབ་སོ་སོ་འདྲ་མཉམ་དང་བཟོད་སྒོམ་གྱི་འཕེལ་རྒྱས་བགྲོད་ལམ་དུ་ཞུགས་དགོས་པའི་འབོད་སྐུལ་བཏང་།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-07-18
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོ་ཀུའུ་ཐི་ལོས་སི་ཡིས་ཚེས་བཅུ་དྲུག་ཉིན། ཉིས་སྟོང་སུམ་ཅུ་ལོའི་རྒྱུན་མཐུད་འཕེལ་རྒྱས་དམིགས་འབེན་མངོན་འགྱུར་བྱེད་པའི་བརྒྱུད་རིམ་ཁྲོད། རྒྱལ་ཁབ་སོ་སོ་འདྲ་མཉམ་དང་བཟོད་སྒོམ་གྱི་འཕེལ་རྒྱས་བགྲོད་ལམ་དུ་ཞུགས་དགོས་པའི་འབོད་སྐུལ་བཏང་། 

ཀུའུ་ཐི་ལོས་སི་ཡིས་ཉིན་དེར་མཉམ་འབྲེལ་རྒྱལ་ཚོགས་ཀྱི་རྒྱུན་མཐུད་འཕེལ་རྒྱས་ཀྱི་མཐོ་རིམ་ཆབ་སྲིད་གླེང་སྟེགས་ཀྱི་པུའུ་ཀྲང་རིམ་པའི་གྲོས་ཚོགས་སྟེང་བསྟན་དོན། ལོ་མང་བོའི་རིང་ལ་འབད་བརྩོན་བྱས་པ་བརྒྱུད། ཉིས་སྟོང་སུམ་ཅུ་ལོའི་རྒྱུན་མཐུད་འཕེལ་རྒྱས་དམིགས་འབེན་གྱི་དངོས་འབེབ་གནས་ཚུལ་སྔར་བཞིན་འཆར་འགོད་ཀྱི་རྗེས་སུ་ལུས་ཡོད་པ་དང་། འཛམ་གླིང་ཡོངས་ཀྱི་གནས་ཚུལ་དེ་འདྲའི་བཟང་རྒྱུ་མི་འདུག་ཟེར། ཁོས་ཁོངས་གཏོགས་རྒྱལ་ཁབ་དག་གིས་རྒྱུན་མཐུད་འཕེལ་རྒྱས་ཀྱི་དངུལ་གསོག་དང་ནམ་ཟླའི་འགྱུར་ལྡོག་ཐག་གཅོད་བྱེད་པ། གནས་སྤོར་སྡོད་དམངས་གོ་རིམ་ལྡན་པར་བྱེད་པ། འཁྲུག་རྩོད་སྔོན་འགོག་བྱེད་པ་སོགས་ནས་མགོ་བརྩམས་ཏེ། མི་གང་ཡིན་རྗེས་ལ་ལུས་སུ་མི་འཇུག་པའི་རྩ་དོན་ལག་བསྟར་བྱ་དགོས་པའི་འབོད་སྐུལ་བཏང་། 

ཀུའུ་ཐི་ལོས་སི་ཡིས་བཤད་རྒྱུར། ཐལ་དྲགས་དབུལ་ཕོངས་ཀྱི་ཚད་ཇེ་དམའ་རུ་འགྲོ་བཞིན་ཡོད་ཀྱང་། ཇེ་དམའ་རུ་སོང་བའི་མྱུར་ཚད་དེ་ཉིས་སྟོང་སུམ་ཅུ་ལོའི་བར་དབུལ་ཕོངས་སེལ་བའི་དམིགས་འབེན་མངོན་འགྱུར་བྱེད་པའི་ཚད་དུ་བསླེབ་མེད་ཟེར། ཁོས་ད་རུང་འདྲ་མཉམ་མིན་པ་སོགས་སྣང་ཚུལ་ཇེ་དྲག་ཏུ་འགྲོ་བ་དང་། སྤྱི་ཚོགས་འགན་སྲུང་ཞན་པ། ཕོ་མོ་འདྲ་མཉམ་མིན་པ། གནས་སྤོར་སྡོད་དམངས་དང་ཡུལ་གྱར་བ་སོགས་ཀྱི་གནད་དོན་སོགས་ལ་སེམས་ཁུར་བྱེད་པའི་ཚུལ་བསྟན། 

ནམ་ཟླའི་འགྱུར་ལྡོག་གླེང་བའི་སྐབས་སུ་ཀུའུ་ཐི་ལོས་སི་ཡིས་བཤད་རྒྱུར། འཛམ་གླིང་ཡོངས་ཀྱི་ཐག་གཅོད་འགུལ་སྐྱོད་ཀྱི་གོམ་སྟབས་དེ་ནམ་ཟླའི་འགྱུར་ལྡོག་གི་མྱུར་ཚད་ཀྱི་རྗེས་སུ་ལུས་ཡོད་ལ། ཉིས་སྟོང་བཅོ་ལྔ་ལོ་ནས་ཉིས་སྟོང་བཅུ་དགུ་ལོའི་བར་ནི་ཟིན་ཐོ་ཡོད་པའི་ཚུན་ལ་ཚ་གདུག་ཆེས་ཆེ་བའི་ལོ་ལྔ་ཡིན་པ་དང་། མཚོ་ངོས་ཇེ་མཐོར་སོང་བའི་མྱུར་ཚད་ཀྱང་ཇེ་མགྱོགས་སུ་འགྲོ་བཞིན་ཡོད། ཤུགས་རྐྱེན་ཚབས་ཆེན་ཐེབས་པ་ནི་ཆེས་དབུལ་ཕོངས་དང་ཉམས་ཞན་ཡིན་པའི་རྒྱལ་ཁབ་དང་མང་ཚོགས་ཡིན་པ་བསྙོན་མེད་རེད། ཁོས་རྒྱལ་ཁབ་སོ་སོས་ལྷད་མེད་ནམ་ཟླའི་ཐེབས་རྩའི་ཐད་དངུལ་གསོག་བྱེད་དགོས་པ་དང་། དར་རྒྱས་ཆེ་བའི་རྒྱལ་ཁབ་དག་གིས་ཉིས་སྟོང་ཉི་ཤུ་ལོའི་བར་ལོ་རེར་འདོན་སྤྲོད་བྱེད་པའི་མེ་སྒོར་ཁྲག་ཁྲིག་གཅིག་གི་དམ་བཅའ་དངོས་འབེབ་བྱེད་དགོས་པའི་འབོད་སྐུལ་བཏང་། 

མཉམ་འབྲེལ་རྒྱལ་ཚོགས་ཀྱི་རྒྱུན་མཐུད་འཕེལ་རྒྱས་ཀྱི་མཐོ་རིམ་ཆབ་སྲིད་གླེང་སྟེགས་ལོ་རེར་ཐེངས་རེར་སྤེལ་བཞིན་ཡོད་ཅིང་། ད་ལོའི་གླེང་སྟེགས་དེ་ཚེས་དགུ་ཉིན་ནས་ཚེས་བཅོ་བརྒྱད་ཉིན་བར་ཉིག་ཡོ་རུ་ཡོད་པའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྤྱི་ཁྱབ་པུའུ་ནས་སྤེལ་བ་དང་། བརྗོད་སྙིང་ནི་མི་དམངས་ལ་དབང་ནུས་བསྩལ་ནས་བཟོད་སྒོམ་དང་འདྲ་མཉམ་ལ་འགན་སྲུང་བྱེད་དགོས་ཞེས་པ་དེ་ཡིན་ལ། བསྡོམས་པས་རྒྱལ་ཁབ་ལྔ་བཅུ་ཙམ་གྱིས་རང་འགུལ་སྒོས་རྒྱལ་ཁབ་རང་གི་གནས་ཚུལ་རྒྱས་བཤད་བྱས་པ་དང་། རྒྱལ་ཁབ་སོ་སོས་འབྲེལ་ཡོད་སློབ་གསོ་དང་ལས་ཞུགས། འདྲ་མཉམ་མིན་པའི་སྣང་ཚུལ་ཇེ་ཉུང་དུ་གཏོང་བ། ནམ་ཟླའི་ཕྱོགས་ཀྱི་འགུལ་སྐྱོད་སོགས་འབྲེལ་ཡོད་དམིགས་འབེན་གྱི་དངོས་འབེབ་གནས་ཚུལ་ལ་མཉམ་དུ་གྲོས་ཞིབ་བྱས། 


རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།