དབྱི་ལང་གི་ཆེས་མཐོའི་གཙོ་འཛིན་ཧ་མཱེ་ནེ་དབྱི་ཡིས་དབྱིན་ཇིས་དབྱི་ལང་གི་སྣུམ་འདྲུད་གྲུ་གཟིངས་བཀག་པའི་བྱ་སྤྱོད་ལ་རྒོལ་གཏམ་བཏང་།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  དབྱི་ལང་གི་ཐ་སི་ཉི་མུའུ་གསར་འགྱུར་ཁང་གིས་ཚེས་བཅུ་དྲུག་ཉིན་བསྒྲགས་པའི་གནས་ཚུལ་ལྟར་ན། ཉིན་དེར་དབྱི་ལང་གི་ཆེས་མཐོའི་གཙོ་འཛིན་ཧ་མཱེ་ནེ་དབྱི་ཡིས་དབྱིན་ཇིས་དབྱི་ལང་གི་མ་བཅོས་རྡོ་སྣུམ་དྲུད་ཡོད་པའི་གྲུ་གཟིངས་བཀག་པའི་བྱ་སྤྱོད་དེར་རྒོལ་གཏམ་དྲག་པོ་བཏང་བ་དང་། དབྱིན་ཇི་ཕྱོགས་ཀྱིས་རྡོ་སྣུམ་དྲུད་པའི་གྲུ་གཟིངས་དེ་ཕྱིར་གཏོང་དགོས་པའི་རེ་བ་བཏོན་ལ། དེ་མིན་ཚེ་དབྱི་ལང་གིས་ཕྱིར་རྒོལ་ལན་སྤྲོད་རྒྱུ་ཡིན་ཞེས་བཤད་ཟེར།

ཧ་མཱེ་ནེ་དབྱི་ཡིས་ཉིན་དེར་དབྱི་ལང་གི་ཆོས་ལུགས་ལས་རིགས་ཀྱི་འཐུས་ཚབ་པར་ཐུག་འཕྲད་བྱས་པར་མ་ཟད་གཏམ་བཤད་སྤེལ། ཁོས་བཤད་རྒྱུར། དབྱིན་ཇིས་སྤྱིའི་རྒྱ་མཚོའི་སྟེང་དབྱི་ལང་གི་མ་བཅོས་རྡོ་སྣུམ་དྲུད་པའི་གྲུ་གཟིངས་བཙན་གྱིས་བཀག་པར་མ་ཟད། བྱ་སྤྱོད་དེ་ཁྲིམས་མཐུན་གྱི་བྱ་སྤྱོད་ཅིག་ཏུ་ཡག་སྒྱུར་བྱེད་འདོད་པ་དེ་ནི་མཚོ་ཇག་གི་བྱ་སྤྱོད་རེད། དབྱི་ལང་གིས་བྱ་སྤྱོད་དེའི་རིགས་སྣང་མེད་དུ་གཏན་ནས་མི་འཇོག་པར། འོས་འཚམ་གྱི་དུས་སྐབས་དང་ས་ཆ་ནས་དེར་རྒོལ་ལན་སྤྲོད་རྒྱུ་ཡིན་ཟེར།

ཧ་མཱེ་ནེ་དབྱི་ཡིས་ད་དུང་ཡོ་རོབ་གླིང་གི་འབྲེལ་ཡོད་རྒྱལ་ཁབ་ཀྱིས་དབྱི་ལང་ཉིང་རྡུལ་གྲོས་ཆོད་ཁྲོད་དུ་བཞག་པའི་དམ་བཅའ་ལག་བསྟར་གཏན་ནས་མ་བྱས་པ་དང་། དབྱི་ལང་གིས་རིམ་བཞིན་གྲོས་ཆོད་ལག་བསྟར་བྱེད་མཚམས་འཇོག་སྐབས། ཡོ་རོབ་གླིང་གི་རྒྱལ་ཁབ་ཀྱིས་དབྱི་ལང་ལ་སྐྱོན་བརྗོད་བྱེད་མགོ་བརྩམས་པ་མ་གཏོགས་རང་གིས་ལག་བསྟར་བྱེད་འོས་པའི་དམ་བཅའ་མ་གླེང་བར་སྐྱོན་བརྗོད་བྱས།

ཟླ་འདིའི་མགོར། དབྱིན་ཇིའི་རྒྱལ་ཕྱིའི་མངའ་ཁོངས་ཀཀྲི་པུའུ་ལོ་ཐོ་དབང་འཛིན་ལས་ཁུངས་ཀྱིས་དབྱིན་ཇིའི་མཚོ་དམག་གི་རམ་འདེགས་འོག་དབྱི་ལང་གི་མ་བཅོས་རྡོ་སྣུམ་དྲུད་པའི་ཀི་ལེ་སི་དང་པོ་ཞེས་པའི་གྲུ་གཟིངས་དེ་བཙན་གྱིས་བཀག་ལ། དེས་ཡོ་རོབ་གླིང་མནའ་འབྲེལ་གྱི་བཀག་སྡོམ་བཀའ་ཁྱབ་དང་འགལ་ནས་སི་རི་ཡར་མ་བཅོས་རྡོ་སྣུམ་སྐྱེལ་བཞིན་འདུག་ཅེས་བཤད། དབྱིན་ཇི་ཕྱོགས་ཀྱིས་གྲུ་གཟིངས་དེ་བཀག་པ་ནི་ཨ་མེ་རི་ཁས་དབྱི་ལང་ལ་བཀག་སྡོམ་བྱེད་པའི་སྤྱོད་ཚུལ་གྱི་རྗེས་སུ་འབྲངས་པ་ཁས་མ་བླངས་པ་དང་། དབྱི་ལང་ཉིང་རྡུལ་གྲོས་ཆོད་ལ་རྒྱབ་སྐྱོར་དང་སྲུང་སྐྱོབ་བྱེད་པ་ཡིན་ཞེས་བསྟན། ཡིན་ནའང་དབྱི་ལང་ཕྱོགས་ཀྱིས་དབྱིན་ཇི་ཕྱོགས་ཀྱི་སྐྱོན་བརྗོད་དེ་ཁས་མ་བླངས་པ་དང་། རྡོ་སྣུམ་དྲུད་པའི་གྲུ་གཟིངས་དེ་མྱུར་དུ་ཕྱིར་གཏོང་དགོས་པའི་རེ་བ་བཏོན་པར་མ་ཟད། དབྱིན་ཇི་ལ་ཉེན་ཁའི་བྱེད་ཐབས་སྤྱོད་མི་རུང་བའི་ཉེན་བརྡ་བཏང་།

རྩོམ་སྒྲིག་པ། ཚེ་མཁར་རྒྱལ།

དཔྱད་མཆན 0 ཡོད།