ཀྲུང་གོ་བོད་ཀྱི་དྲ་བ།

ཁྲའོ་ཞན་གྱིས་ཨ་མེ་རི་ཁ་དང་ཧན་གོས་མཉམ་འབྲེལ་དམག་སྦྱོང་བྱས་ན་ཁྲའོ་ཞན་དང་ཨ་མེ་རི་ཁའི་བྱ་བའི་གྲོས་མོལ་ལ་གནོད་འོང་ཞེས་བཤད།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-07-17
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཁྲའོ་ཞན་ཕྱི་དོན་ལས་ཁུངས་ཀྱི་མགྲིན་ཚབ་པས་ཚེས་བཅུ་དྲུག་ཉིན་བཤད་རྒྱུར། ཨ་མེ་རི་ཁ་དང་ཧན་གོས་མཉམ་འབྲེལ་དམག་སྦྱོང་བྱས་ན། ཁྲའོ་ཞན་དང་ཨ་མེ་རི་ཁའི་བྱ་བའི་གྲོས་མོལ་ལ་གནོད་འོང་ཟེར།

ཁྲའོ་ཞན་ཀྲུང་དབྱང་གསར་འགྱུར་ཁང་གིས་ཉིན་དེར་བསྒྲགས་པའི་གནས་ཚུལ་ལྟར་ན། མགྲིན་ཚབ་པ་དེས་ཁྲའོ་ཞན་ཀྲུང་དབྱང་གསར་འགྱུར་ཁང་གི་གསར་འགོད་པའི་དྲི་བར་ལན་འདེབས་སྐབས། ཁྲའོ་ཞན་དང་ཨ་མེ་རི་ཁའི་གཙོ་འཛིན་གྱི་པན་མིན་ཏེན་ཐུག་འཕྲད་དེ་གོ་སྐབས་སུ་བརྩི་བཞིན་པ་དང་། ཁྲའོ་ཞན་དང་ཨ་མེ་རི་ཁའི་བྱ་བའི་གྲོས་མོལ་དེ་གྲོས་རིམ་ཁྲོད་དུ་འཇོག་བཞིན་པའི་སྐབས་སུ། ཨ་མེ་རི་ཁས་རང་གིས་ཆེས་མཐོའི་རིམ་པས་བཞག་པའི་དམ་བཅའ་དང་འགལ་ནས། ཧན་གོ་དང་མཉམ་དུ་མཉམ་འབྲེལ་དམག་སྦྱོང་བྱེད་རྩིས་འདུག གལ་ཏེ་དེ་ལྟར་བྱས་ཚེ་ཁྲའོ་ཞན་དང་ཨ་མེ་རི་ཁའི་བྱ་བའི་གྲོས་མོལ་ལ་གནོད་པ་ཐེབས་འོང་ཞེས་བཤད་ཟེར།

མགྲིན་ཚབ་་དེས་ད་དུང་བཤད་རྒྱུར། ཁྲའོ་ཞན་གྱིས་ཨ་མེ་རི་ཁའི་རྗེས་ཕྱོགས་ཀྱི་རྣམ་འགྱུར་ལ་དོ་སྣང་ཆེན་པོ་བྱེད་རྒྱུ་ཡིན་པར་མ་ཟད། ཁྲའོ་ཞན་དང་ཨ་མེ་རི་ཁའི་བྱ་བའི་གྲོས་མོལ་སྤེལ་བའི་གནད་དོན་སྐོར་ནས་ཐག་གཅོད་བྱེད་རྒྱུ་ཡིན་ཟེར།

ཁྲའོ་ཞན་ཕྱི་དོན་ལས་ཁུངས་ཀྱི་མགྲིན་ཚབ་པས་ཉིན་དེར་གཏམ་བཤད་སྐབས། ཨ་མེ་རི་ཁས་ཟླ་བརྒྱད་པར་ཧན་གོ་དང་མཉམ་དུ་མཉམ་འབྲེལ་དམག་སྦྱོང་བྱེད་རྩིས་ཡོད་པ་དེས་དོན་དངོས་སུ་ཁྲའོ་ཞན་གྱི་དམག་འཁྲུག་འཁྲབ་སྦྱོང་ལ་ཁ་གཏད་པ་རེད། ཨ་མེ་རི་ཁའི་ཙུང་ཐུང་ཐི་ལང་ཕུའུ་ཡིས་ཁྲའོ་ཞན་དང་ཨ་མེ་རི་ཁའི་མགོ་གཙོའི་སིང་ག་ཕོར་ཐུག་འཕྲད་དང་པན་མིན་ཏེན་ཐུག་འཕྲད་ཁྲོད་དུ་མཉམ་འབྲེལ་དམག་སྦྱོང་མཚམས་འཇོག་རྒྱུ་ཡིན་ཞེས་དངོས་སུ་དམ་བཅས་ཡོད། ཨ་མེ་རི་ཁས་ཨ་མེ་རི་ཁ་དང་ཧན་གོའི་མཉམ་འབྲེལ་དམག་སྦྱོང་ཡང་བསྐྱར་སྤེལ་འདོད་པ་དེ་ནི། ཁྲའོ་ཞན་དང་ཨ་མེ་རི་ཁའི་མཉམ་འབྲེལ་གསལ་བསྒྲགས་ཀྱི་གཞི་རྩའི་ནང་དོན་དུ་མངོན་གསལ་དུ་འགལ་ཡོད་ལ། ཁྲའོ་ཞན་ལ་མངོན་སུམ་འཛེམ་མེད་དུ་གནོན་ཤུགས་བྱིན་པ་ཞིན་ཡིན་པས། ཁྲའོ་ཞན་གྱིས་དེར་དོགས་ཟོན་བྱས་ཡོད་ཞེས་བཤད་ཟེར།

ད་ལོའི་ཟླ་དྲུག་པའི་ཚེས་སུམ་ཅུ་ཉིན། ཁྲའོ་ཞན་གྱི་ཆེས་མཐོའི་མགོ་ཁྲིད་པ་ཅིན་ཀྲིན་ཨིན་དང་ཨ་མེ་རི་ཁའི་ཙུང་ཐུང་ཐི་ལང་ཕུའུ་གཉིས་ཀྱིས་པན་མིན་ཏེན་ནས་ཐུག་འཕྲད་དང་གྲོས་མོལ་བྱས་ལ། དེ་ནི་ཁོ་གཉིས་ཀྱིས་སིང་ག་ཕོར་དང་ཧི་ནེ་ནས་ཐུག་འཕྲད་བྱས་རྗེས་ཀྱི་ཐུག་འཕྲད་ཐེངས་གསསུམ་པ་རེད། ཐི་ལང་ཕུའུ་ཡིས་གྲོས་མོལ་གྱི་རྗེས་སུ་སྨྱན་ལམ་ཁག་ལ་བཤད་རྒྱུར། ཨ་མེ་རི་ཁ་དང་ཁྲའོ་ཞན་ཕྱོགས་གཉིས་ཀྱིས་རྗེས་ཕྱོགས་ཀྱི་གཟའ་འཁོར་གཉིས་ནས་གསུམ་གྱི་ནང་བྱ་བའི་གྲོས་མོལ་སླར་གསོ་བྱེད་རྒྱུ་ཡིན་ཟེར།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།