ཀྲུང་གོ་བོད་ཀྱི་དྲ་བ།

ཨ་ཧྥུའུ་ཧན་གྱི་བདེ་འཇགས་དམག་དཔུང་གིས་ཐ་ལེ་པན་གྱི་དྲག་ཆས་མི་སྣ་ཉེར་གཉིས་བསད།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-07-17
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཨ་ཧྥུའུ་ཧན་གྱི་ནང་སྲིད་པུའུ་ཡིས་ཚེས་བཅུ་དྲུག་ཉིན་བཤད་རྒྱུར། ཨ་ཧྥུའུ་ཧན་གྱི་བདེ་འཇགས་དམག་དཔུང་གིས་ཚེས་བཅོ་ལྔ་ཉིན་གྱི་ནམ་གུང་ཤར་ཕྱོགས་ཀྱི་ལུའུ་ཀི་ཨར་ཞིང་ཆེན་ནས་འཇིགས་སྐུལ་རྒོལ་རྡུང་འགུལ་སྐྱོད་སྤེལ་ཏེ། ཐ་ལེ་པན་གྱི་དྲག་ཆས་མི་སྣ་ཉེར་གཉིས་བསད་པ་དང་། བྱིས་པ་ཞིག་འགུལ་སྐྱོད་ཁྲོད་ནས་རྐྱེན་ལམ་དུ་ཤོར་ཟེར།

ཨ་ཧྥུའུ་ཧན་གྱི་ནང་སྲིད་པུའུ་ཡིས་གསལ་བསྒྲགས་སྤེལ་ནས་བཤད་རྒྱུར། ཚེས་བཅོ་ལྔ་ཉིན་གྱི་ནམ་གུང་། ཨ་ཧྥུའུ་ཧན་གྱི་རྒྱལ་དམངས་ཉེན་རྟོག་པའི་དམིགས་བསལ་འཐབ་འཛིང་དམག་དཔུང་གིས་ལུའུ་ཀི་ཨར་ཞིང་ཆེན་མུའུ་ཧན་མོ་ཏི་ཨ་ཅ་ས་ཁུལ་གྱི་སྡེ་བ་ཞིག་ནས་འཇིགས་སྐུལ་རྒོལ་རྡུང་འགུལ་སྐྱོད་སྤེལ་ཏེ། ཐ་ལེ་པན་གྱི་དྲག་ཆས་མི་སྣ་ཉེར་གཉིས་བསད་པ་དང་། དེའི་ནང་དུ་ས་དེའི་ཐ་ལེ་པན་གྱི་མགོ་བ་བཞི་ཡོད་ཟེར།

གསལ་བསྒྲགས་ནང་བཤད་རྒྱུར། བདེ་འཇགས་དམག་དཔུང་གིས་འགུལ་སྐྱོད་ཁྲོད་ནས་ས་དེའི་ཐ་ལེ་པན་གྱི་དྲག་ཆས་མི་སྣ་བསྐུངས་སར་བར་སྣང་ནས་འཇབ་རྒོལ་བྱས་པ་དང་། ཐ་ལེ་པན་གྱི་དྲག་ཆས་མི་སྣས་སྡེ་བའི་ཁང་བ་ཞིག་ལ་སྒྱོགས་མདེ་འཕངས་ཏེ། བྱིས་པ་ཞིག་བསད་པ་དང་། བུད་མེད་ཅིག་རྨས་ཟེར།

གཞན་ཡང་ཨ་ཧྥུའུ་ཧན་གྱི་སྐྱ་རེངས་བརྙན་འཕྲིན་ཁང་གིས་བསྒྲགས་པའི་གནས་ཚུལ་ལྟར་ན། ས་དེའི་མང་ཚོགས་ཀྱིས་བཤད་རྒྱུར། ཚེས་བཅོ་ལྔ་ཉིན་གྱི་ནམ་གུང་། མི་སེར་ལྔ་འཐབ་འཁྲུག་ཁྲོད་ནས་རྐྱེན་ལམ་དུ་ཤོར་བ་དང་། མི་སེར་བཅུ་གཅིག་ལ་རྨས་ཕོག་སོང་ཟེར།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།