ཀྲུང་གོ་བོད་ཀྱི་དྲ་བ།

ཨ་ཧྥུའུ་ཧན་གྱི་ལྷོ་ཕྱོགས་ནས་ས་འོག་ཏུ་སྦས་པའི་འགད་རྫས་འགས་གཏོར་བྱུང་སྟེ་མི་སེར་དགུ་རྐྱེན་ལམ་དུ་ཤོར།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-07-16
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཨ་ཧྥུའུ་ཧན་སྲིད་གཞུང་གི་དཔོན་རིགས་ཀྱིས་ཚེས་བཅོ་ལྔ་ཉིན་བཤད་རྒྱུར། ཨ་ཧྥུའུ་ཧན་ལྷོ་ཕྱོགས་ཀྱི་ཁན་ཏ་ཧ་ཞིང་ཆེན་ནས་ཉིན་དེར་ས་འོག་ཏུ་སྦས་པའི་འགད་རྫས་འགས་གཏོར་བྱུང་ནས། མི་སེར་དགུ་རྐྱེན་ལམ་དུ་ཤོར་བ་དང་། མི་བཅོ་བརྒྱད་ལ་རྨས་ཕོག་ཟེར།

ཁན་ཏ་ཧ་ཞིང་ཆེན་གྱི་ཧྲིན་ཀྲང་ཧ་ཡ་ཐི་ཡིས་ཞིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པར་བཤད་རྒྱུར། ཚེས་བཅོ་ལྔ་ཉིན་གྱི་ཉིན་གུང་། ནང་དུ་མི་སེར་དྲུད་ཡོད་པའི་རླངས་འཁོར་ཆེན་པོ་ཞིག་ཧ་ཁི་ལེ་ཙི་ས་ཁུལ་ནས་ལམ་ནང་དུ་སྦས་པའི་འགད་རྫས་ཞིག་ལ་ཐོགས་ནས་འགས་གཏོར་བྱུང་། དོན་རྐྱེན་དེའི་ཁྲོད་ཀྱི་རྨས་མ་རྣམས་སྨན་ཁང་དུ་བསྐྱལ་ནས་སྨན་བཅོས་བྱེད་བཞིན་ཡོད་པ་དང་། རྨས་མ་ཁ་ཤས་ཀྱི་རྨས་ཧ་ཅང་ལྗིད་པས་རྐྱེན་ལམ་དུ་ཤོར་བའི་མི་ད་དུང་ཇེ་མང་དུ་འགྲོ་སྲིད་ཟེར།

ཧ་ཡ་ཐི་ཡིས་ད་དུང་བཤད་རྒྱུར། དོན་རྐྱེན་འབྱུང་སྐབས་རླངས་འཁོར་ཆེན་པོ་དེ་ཁན་ཏ་ཧ་ཞིང་ཆེན་གྱི་ལྟེ་གནས་གྲོང་ཁྱེར་ཁན་ཏ་ཧ་ནས་ཧ་ཁི་ལེ་ཙི་ས་ཁུལ་དུ་འགྲོ་བའི་ལམ་བར་ན་ཡོད་ཟེར། ཁོས་ཐ་ལེ་པན་གྱི་དྲག་ཆས་མི་སྣས་འཇབ་རྒོལ་དོན་རྐྱེན་དེ་བཟོས་པ་རེད་ཅེས་སྐྱོན་བརྗོད་བྱས།

ཐ་ལེ་པན་ཕྱོགས་ཀྱིས་དོན་རྐྱེན་དེའི་ཐད་ནས་དཔྱད་བརྗོད་ཅི་ཡང་སྤེལ་མེད།

ཐ་ལེ་པན་གྱི་དྲག་ཆས་མི་སྣས་རྒྱུན་དུ་ལམ་འགྲམ་དུ་འགད་རྫས་སྦས་པ་སོགས་ལ་བརྟེན་ནས་བདེ་འཇགས་དམག་དཔུང་ལ་འཇབ་རྒོལ་བྱེད་བཞིན་ཡོད་པ་དང་། འཇབ་རྒོལ་ཁྲོད་ནས་མི་སེར་མང་བོར་གནོད་པ་ཐེབས་བཞིན་ཡོད། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།