དབྱི་རག་གི་རྒྱལ་ས་ན་ཡོད་པའི་མུའུ་སི་ལིན་གྱི་ཆོས་ཁང་ཞིག་ལ་འགས་གཏོར་འཇབ་རྒོལ་ཐེབས་ནས་མི་གཅིག་རྐྱེན་ལམ་དུ་ཤོར་བ་དང་མི་ཉེར་ལྔ་ལ་རྨས་ཕོག

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། དབྱི་རག་ནང་སྲིད་པུའུ་ཡི་དཔོན་རིགས་ཀྱིས་ཚེས་བཅོ་ལྔ་ཉིན་བཤད་རྒྱུར། དབྱི་རག་གི་རྒྱལ་ས་པ་ཀི་ཏའི་ལྷོ་ནུབ་ཕྱོགས་ཀྱི་ཧྲི་ཡེ་ཕྱོགས་ཁག་གི་མུའུ་སི་ལིན་གྱི་ཆོས་ཁང་ཞིག་ལ་ཉིན་དེར་འགས་གཏོར་འཇབ་རྒོལ་ཐེབས་ནས། མི་སེར་གཅིག་རྐྱེན་ལམ་དུ་ཤོར་བ་དང་། མི་ཉེར་ལྔ་ལ་རྨས་ཕོག་ཟེར།

དབྱི་རག་ནང་སྲིད་པུའུ་ཡི་དཔོན་རིགས་ཤིག་གིས་ཞིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པར་བཤད་རྒྱུར། པ་ཀི་ཏའི་ལྷོ་ནུབ་ཕྱོགས་ཀྱི་ཧྲི་ཡེ་ཕྱོགས་ཁག་གི་མུའུ་སི་ལིན་གྱི་ཆོས་ཁང་ཞིག་ལ་ཉིན་དེར་འགད་རྫས་ཤིག་གི་འཇབ་རྒོལལ་ཐེབས་པ་དང་། དེའི་རྗེས་སུ་རང་སྲོག་གཅོད་མཁན་གྱི་འཇབ་རྒོལ་བ་ཞིག་གིས་ས་དེ་ནས་རང་གི་ལུས་སྟེང་དུ་བཅིངས་པའི་འགད་རྫས་འགས་གཏོར་བཏང་། འགས་གཏོར་ལས་མི་སེར་གཅིག་རྐྱེན་ལམ་དུ་ཤོར་བ་དང་། མི་ཉེར་ལྔ་ལ་རྨས་ཕོག་ཟེར།

དཔོན་རིགས་དེས་བཤད་རྒྱུར། འཇབ་རྒོལ་བྱུང་རྗེས་དབྱི་རག་བདེ་འཇགས་དམག་དཔུང་གིས་མྱུར་དུ་ས་དེ་བཀག་སྡོམ་བྱས་པར་མ་ཟད་རྟོག་ཞིབ་བྱས་པ་དང་། རྨས་མ་རྣམས་ཉེ་འདབས་ཀྱི་སྨན་ཁང་དུ་བསྐྱལ་ནས་སྨན་བཅོས་བྱེད་བཞིན་ཡོད་ཟེར།

མིག་སྔར་རྩ་འཛུགས་དང་མི་གཅིག་གིས་ཀྱང་འཇབ་རྒོལ་དོན་རྐྱེན་དེ་བཟོས་པ་ཁས་བླངས་མེད། ཐལ་སྤྱོད་རྩ་འཛུགས་དབྱི་སི་ལན་རྒྱལ་ཁབ་ཅེས་པའི་དྲག་ཆས་མི་སྣས་རྒྱུན་དུ་དབྱི་རག་གི་མངའ་ཁོངས་ནས་དེ་ལྟ་བུའི་འཇབ་རྒོལ་བྱས་མྱོང་།

དབྱི་རག་གིས་ཉིས་སྟོང་བཅུ་བདུན་ལོའི་ཟླ་བཅུ་གཉིས་པར་ཐལ་སྤྱོད་རྩ་འཛུགས་དབྱི་སི་ལན་རྒྱལ་ཁབ་ཅེས་པར་རྒོལ་རྡུང་བྱེད་པའི་ཐད་ནས་ལོ་རྒྱུས་རང་བཞིན་གྱི་རྒྱལ་ཁ་བླངས་པ་ཡིན་ཞེས་བསྒྲགས་མོད། ཡིན་ནའང་མིག་སྔར་དབྱི་རག་གི་མངའ་ཁོངས་སུ་ད་དུང་ཐལ་སྤྱོད་མི་སྣ་སྐོར་ཞིག་ལུས་ཡོད་པ་དང་། དེ་དག་གིས་གོ་སྐབས་དང་བསྟུན་ནས་འཇབ་རྒོལ་བྱེད་བཞིན་ཡོད། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།