ཀྲུང་གོ་བོད་ཀྱི་དྲ་བ།

འཇར་མན་གྱིས་ཨ་མེ་རི་ཁས་འཇར་མན་གྱིས་ས་ངོས་དམག་དཔུང་མངགས་ནས་སི་རི་ཡའི་འཇིགས་སྐུལ་ངོ་རྒོལ་ལ་ཞུགས་རྒྱུའི་གྲོས་གཞི་དང་ལེན་མ་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-07-09
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  འཇར་མན་སྲིད་གཞུང་གིས་ཚེས་བརྒྱད་ཉིན་ཨ་མེ་རི་ཁས་བཏོན་པའི་འཇར་མན་གྱིས་སི་རི་ཡར་ས་ངོས་དམག་དཔུང་མངགས་ནས་འཇིགས་སྐུལ་རིང་ལུགས་ལ་རྒོལ་རྡུང་བྱེད་རྒྱུའི་གྲོས་གཞི་དེ་དང་ལེན་མ་བྱས།

འཇར་མན་རྒྱལ་ཕྲན་མཉམ་འབྲེལ་སྲིད་གཞུང་གི་མགྲིན་ཚབ་པ་སའེ་པེ་ཐི་ཡིས་ཉིན་དེར་རྒྱུན་ལྡན་གྱི་གསར་འགོད་པའི་ཚོགས་འདུའི་སྟེང་བཤད་རྒྱུར། འཇར་མན་གྱིས་མུ་མཐུད་དུ་ཐལ་སྤྱོད་རྩ་འཛུགས་དབྱི་སི་ལན་རྒྱལ་ཁབ་ཅེས་པར་རྒོལ་རྡུང་བྱེད་པའི་ཐད་དམག་དོན་བྱས་རྗེས་འཇོག་རྒྱུ་ཡིན་ཏེ། དེའི་ནང་དུ་འཐབ་འཛིང་གནམ་གྲུ་མངགས་ནས་མྱུལ་ཞིབ་བྱེད་པ་དང་། སྣུམ་སྣོན་གནམ་གྲུས་རོགས་འདེགས་བྱེད་པ། དམག་དོན་སྦྱོང་བརྡར་སོགས་འདུ་ཟེར། ཁོས་བྱེད་ཐབས་དེ་དག་གི་ནང་དུ་ས་ངོས་དམག་དཔུང་མངགས་པ་དེ་མི་འདུ་ཞེས་ནན་གྱིས་བཤད།

འཇར་མན་གསར་འགྱུར་ལས་ཁུངས་ཀྱིས་བསྒྲགས་པའི་གནས་ཚུལ་ལྟར་ན། ཨ་མེ་རི་ཁའི་སྲིད་གཞུང་གི་སི་རི་ཡའི་གནད་དོན་གྱི་དམིགས་བསལ་འཐུས་མི་ཅེ་ཧྥོ་ལེ་ཡིས་ཉེ་སྔོན་འཇར་མན་གྱིས་སི་རི་ཡ་ལ་ས་ངོས་དམག་དཔུང་མངགས་ནས། ཨ་མེ་རི་ཁས་རྒྱབ་སྐྱོར་བྱེད་པའི་སི་རི་ཡའི་ངོ་རྒོལ་ཕྱོགས་ཁག་གི་དྲག་ཆས་སྟོབས་ཤུགས་ཤིག་ལ་རོགས་འདེགས་བྱས་ཏེ་ཐལ་སྤྱོད་རྩ་འཛུགས་དབྱི་སི་ལན་རྒྱལ་ཁབ་ཅེས་པའི་དྲག་ཆས་མི་སྣ་ལྷག་འཕྲོ་རྣམས་ལ་རྒོལ་རྡུང་བྱེད་རྒྱུའི་རེ་བ་བཏོན་ཟེར།

ཉིས་སྟོང་བཅོ་ལྔ་ལོའི་ཟླ་བཅུ་གཉིས་པར། འཇར་མན་རྒྱལ་ཕྲན་མཉམ་འབྲེལ་གྲོས་ཁང་དེ་ནང་སྲིད་ཁང་གི་ཐལ་སྤྱོད་རྩ་འཛུགས་དབྱི་སི་ལན་རྒྱལ་ཁབ་ཅེས་པར་རྒོལ་རྡུང་བྱེད་པར་ཞུགས་པའི་གྲོས་གཞི་ལ་གྲོས་འཆམ་བྱུང་། འཆར་གཞི་ལྟར་ན་འཇར་མན་ཐལ་སྤྱོད་རྩ་འཛུགས་དབྱི་སི་ལན་རྒྱལ་ཁབ་ཅེས་པར་རྒོལ་རྡུང་བྱེད་པར་ཞུགས་པའི་འགུལ་སྐྱོད་དེ་གཙོ་བོ་དམག་དོན་མྱུལ་ཞིབ་དང་མཁོ་སྒྲུབ་ཕྱོགས་སུ་འདུ་ཡོད། །

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།