ཀྲུང་གོ་བོད་ཀྱི་དྲ་བ།

དབྱི་སི་རལ་གྱི་ཁྲིམས་འཛིན་པུའུ་ཡིས་ཉེན་རྟོག་པས་མེ་མདས་བརྒྱབ་སྟེ་ཨེ་ཙི་ཨོ་ཕི་ཡའི་རྒྱུད་པའི་ཡ་ཧུ་ད་པའི་ན་གཞོན་ཞིག་བསད་པ་དེ་ནི་རང་སྲུང་གི་བྱ་སྤྱོད་ཀྱི་ཁོངས་སུ་གཏོགས་ཞེས་བཤད།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-07-09
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  དབྱི་སི་རལ་གྱི་གསར་འགྱུར་ལས་ཁུངས་ཀྱིས་ཚེས་བརྒྱད་ཉིན་བསྒྲགས་པ་ལྟར་ན། ཉིན་དེར་དབྱི་སི་རལ་གྱི་ཁྲིམས་འཛིན་པུའུ་ཉེན་རྟོག་དོན་དག་རྟོག་ཞིབ་ཟི་ཡིས་མེ་མདས་བརྒྱབ་སྟེ་བསད་པའི་ཨེ་ཙི་ཨོ་ཕི་ཡའི་རྒྱུད་ཀྱི་ཡ་ཧུ་ད་པའི་ན་གཞོན་དེའི་ཁྱིམ་ཚང་ལ་ཐོག་མའི་རྟོག་ཞིབ་སྙན་ཞུ་ཞིག་སྤྲད་པ་དང་། སྙན་ཞུ་དེའི་ནང་དུ་དོན་རྐྱེན་དང་འབྲེལ་བའི་ཉེན་རྟོག་པ་དེས་སྐབས་དེར་རང་སྲུང་གི་བྱེད་ཐབས་སྤྱད་པ་ལས་བསམ་བཞིན་དུ་འདས་པོར་གནོད་བསྐྱལ་བ་མིན་ཞེས་བཤད་ཡོད་ཟེར།

བསྒྲགས་པའི་གནས་ཚུལ་ལྟར་ན། དབྱི་སི་རལ་གྱི་ཁྲིམས་འཛིན་པུའུ་ཉེན་རྟོག་དོན་དག་རྟོག་ཞིབ་ཟི་ཡིས་བཤད་རྒྱུར། སྡེ་ཁག་དེའི་དཔོན་རིགས་ཀྱིས་ཉིན་དེར་ན་གཞོན་འདས་པོ་དེའི་ཁྱིམ་མི་དང་ཁྲིམས་རྩོད་པར་ཐུག་འཕྲད་བྱས་པར་མ་ཟད། ཐོག་མའི་རྟོག་ཞིབ་སྙན་ཞུ་སྤྲད་པ་དང་། སྙན་ཞུའི་ནང་དུ་དོན་དག་དེ་དང་འབྲེལ་བའི་ཉེན་རྟོག་པ་དེས་སྐབས་དེར་ན་གཞོན་དེར་ཐད་ཀར་དུ་མེ་མདས་མ་བརྒྱབ་ལ། མེ་མདའི་མདེའུ་ས་རུ་ཕོག་རྗེས་མདའ་འཁྱམས་བྱུང་སྟེ་ན་གཞོན་དེ་བསད་པ་རེད་ཅེས་བཀོད་ཡོད་ཟེར།

བསྒྲགས་ཚུལ་ལྟར་ན། ཉེ་སྔོན་དོན་རྐྱེན་དེའི་ཐད་ནས་རྟོག་ཞིབ་རམ་དང་རིམ་པ་བྱས་ལ། དེའི་ནང་དུ་མདེའུ་ལམ་ཚད་ལེན་ཚོད་ལྟ་དང་། མཚོན་ཆའི་ཚད་ལེན་ཚོད་ལྟ། ཡུལ་དངོས་ཀྱི་ཁྲིམས་དཔྱད་སྨན་པའི་ཞིབ་དཔྱད་སོགས་འདུ་ཟེར།

ཟླ་དྲུག་པའི་ཚེས་སུམ་ཅུ་ཉིན། ཨེ་ཙི་ཨོ་ཕི་ཡའི་རྒྱུད་ཀྱི་ཡ་ཧུ་ད་པའི་ན་གཞོན་ཞིག་ཧྥེ་ཧྥ་གྲོང་ཁྱེར་ནས་ཉེན་རྟོག་པ་ཞིག་གིས་མེ་མདས་བརྒྱབ་སྟེ་བསད། ཉེན་རྟོག་པས་གསལ་བསྒྲགས་ཤིག་གི་ནང་དུ་བཤད་རྒྱུར། སྐབས་དེར་ཁོས་ཨེ་ཙི་ཨོ་ཕི་ཡའི་རྒྱུད་ཀྱི་ན་གཞོན་འགས་ཁ་འཛིང་བྱེད་བཞིན་པ་མཐོང་ནས། ཁོ་ཚོར་འདྲི་ཞིབ་བྱས་པར་མ་ཟད་རང་གི་ཉེན་རྟོག་པའི་ཐོབ་ཐང་དཔང་ཡིག་བསྟན་མོད། ཡིན་ནའང་ན་གཞོན་དེ་དག་གིས་ཁོ་ལ་རྡོ་བས་བརྒྱབ་སྟེ་ཁོའི་བདེ་འཇགས་ལ་ཉེན་ཁ་ཐེབས་པས་མེ་མདས་བརྒྱབ་པ་ཡིན་ཟེར། ཡིན་ནའང་དོན་དག་དེ་མཐོང་མཁན་གྱིས་སྐབས་དེར་ཉེན་རྟོག་པ་དེའི་བདེ་འཇགས་ལ་ཉེན་ཁ་ཐེབས་མེད་ཟེར།

དོན་རྐྱེན་དེ་དང་འབྲེལ་བའི་ཉེན་རྟོག་པ་དེ་དུས་ཡུན་ཐུང་ངུར་བཀག་ཉར་བྱས་རྗེས་ཕྱིར་བཏང་བ་དང་མིག་སྔར་འགུལ་སྐྱོད་ལ་ཚོད་འཛིན་ཐེབས་ཡོད། ཨེ་ཚི་ཨོ་ཕི་ཡའི་རྒྱུད་ཀྱི་ཡ་ཧུ་ད་པ་རྣམས་ཐག་གཅོད་ཀྱི་མཇུག་འབྲས་དེར་མ་དགའ་བར་གཞི་ཁྱོན་ཆེ་བའི་རྔམ་སྟོན་ཁྲོམ་སྐོར་བྱ་འགུལ་སྤེལ། མིག་སྔར་དབྱི་སི་རལ་གྱི་ཉེན་རྟོག་ཕྱོགས་ཀྱིས་དོན་རྐྱེན་དེ་དང་འབྲེལ་བའི་ཉེན་རྟོག་པ་དེར་ཆད་པ་ཅི་འདྲ་གཅོད་རྒྱུ་ཡིན་པ་གཏན་ཁེལ་གསལ་བོ་བྱས་མེད།

ཉེ་བའི་ལོ་འགའི་རིང་ལ། དབྱི་སི་རལ་ནས་ཨེ་ཙི་ཨོ་ཕི་ཡའི་རྒྱུད་ཀྱི་ཡ་ཧུ་ད་པར་ཉེན་རྟོག་པས་མེ་མདས་བརྒྱབ་ནས་བསད་པ་དང་འཇབ་རྒོལ་བྱས་པའི་དོན་རྐྱེན་མང་པོ་བྱུང་། ད་ལོའི་ཟླ་དང་པོར་ཡང་ཨེ་ཙི་ཨོ་ཕི་ཡའི་རྒྱུད་ཀྱི་ན་གཞོན་ཞིག་ཉེན་རྟོག་པས་མེ་མདས་བརྒྱབ་སྟེ་བསད་པས། གཞི་ཁྱོན་ཆེ་བའི་ངོ་རྒོལ་བྱ་འགུལ་བྱུང་།

མིག་སྔར་དབྱི་སི་རལ་ན་ཨེ་ཙི་ཨོ་ཕི་ཡའི་རྒྱུད་ཀྱི་ཡ་ཧུ་ད་པ་འབུམ་གཅིག་དང་ཁྲི་བཞི་ཙམ་ཡོད་པ་དང་། དེས་རྒྱལ་ཡོངས་སྤྱིའི་མི་གྲངས་ཀྱི་བརྒྱ་ཆའི་གཅིག་དང་གྲངས་ཆུང་ལྔ་ཟིན་ཡོད། བསྒྲགས་པའི་གནས་ཚུལ་ལྟར་ན། ལས་ཞུགས་ཀྱི་ཚད་དང་དབུལ་ཕོངས་ཀྱི་ཚད་སོགས་ཚད་གཞི་སྣ་མང་ལ་གཞིགས་ཚེ། མི་ཚོགས་དེ་སྤྱི་ཚོགས་ཀྱི་ཚོགས་པ་གཞན་པ་དང་བསྡུར་ན་མངོན་གསལ་གྱིས་རྗེས་སུ་ལུས་ཡོད་པས། དབྱི་སི་རལ་གྱི་མི་ཚོགས་ཉམ་ཞན་གྱི་གྲས་སུ་བརྩིས་ཡོད། །

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།