ཀྲུང་གོ་བོད་ཀྱི་དྲ་བ།

ཡེ་མིན་གྱི་སྲིད་གཞུང་དམག་དང་ཧུའུ་སའེ་དྲག་ཆས་རྩ་འཛུགས་བར་འཁྲུག་རྩོད་བྱུང་ནས་དམག་མི་བདུན་རྐྱེན་ལམ་དུ་ཤོར།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-07-08
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཡེ་མིན་གྱི་སྲིད་གཞུང་དམག་གིས་ཚེས་བདུན་ཉིན་བཤད་རྒྱུར། སྲིད་གཞུང་དམག་གིས་ཉིན་དེར་ཡེ་མིན་ལྷོ་ཕྱོགས་ཀྱི་ཏ་ལེ་ཨ་ཞིང་ཆེན་ནས་ཧུའུ་སའེ་དྲག་ཆས་རྩ་འཛུགས་དང་འཁྲུག་རྩོད་དྲག་པོ་བྱས་པ་དང་། འཁྲུག་རྩོད་ཁྲོད་ནས་སྲིད་གཞུང་དམག་གི་དམག་མི་བདུན་རྐྱེན་ལམ་དུ་ཤོར་ཟེར།

མིང་བཤད་མི་འདོད་པའི་ཡེ་མིན་སྲིད་གཞུངགི་དཔོན་རིགས་ཤིག་གིས་ཞིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པར་བཤད་རྒྱུར། ཧུའུ་སའེ་དྲག་ཆས་རྩ་འཛུགས་ཀྱིས་ཉིན་དེར་ཀྲ་ལེ་ཨ་ཞིང་ཆེན་ནུབ་ཕྱོགས་ཀྱི་ཅ་ཐའེ་པད་ས་ཁུལ་དུ་ཡོད་པའི་སྲིད་གཞུང་དམག་ལ་དཔུང་འཇུག་བྱས། འཐབ་འཁྲུག་ཁྲོད་ནས་སྲིད་གཞུང་གི་དམག་མི་དྲུད་ཡོད་པའི་རླངས་འཁོར་ཞིག་ལ་ཧུའུ་སའེ་དྲག་ཆས་རྩ་འཛུགས་ཀྱི་འཕུར་མདའི་འཇབ་རྒོལ་ཐེབས་ནས། དམག་མི་བདུན་རྐྱེན་ལམ་དུ་ཤོར་ཟེར།

གཟའ་འཁོར་འགའི་རིང་ལ། ཧུའུ་སའེ་དྲག་ཆས་རྩ་འཛུགས་ཀྱིས་ཏ་ལེ་ཨ་ཞིང་ཆེན་ནས་གཞི་ཁྱོན་ཆེ་བའི་འཇབ་རྒོལ་བྱས་པ་དང་། བསྒྲགས་པའི་གནས་ཚུལ་ལྟར་ན། ཏ་ལེ་ཨ་ཞིང་ཆེན་བྱང་ཕྱོགས་ཀྱི་རི་ཁུལ་ཁ་ཤས་ཧུའུ་སའེ་དྲག་ཆས་རྩ་འཛུགས་ཀྱིས་བཟུང་ཡོད་པ་དང་། སྲིད་གཞུང་དམག་གིས་ས་དེའི་སྡེ་བ་ཁ་ཤས་བཟུང་ཡོད་ཟེར།

ཉིས་སྟོང་བཅུ་བཞི་ལོའི་ཟླ་དགུ་བར། ཡེ་མིན་གྱི་ཧུའུ་སའེ་དྲག་ཆས་རྩ་འཛུགས་ཀྱིས་རྒྱལ་ས་སཱ་ན་འཕྲོག་རྗེས། ཡེ་མིན་གྱི་ལྷོ་ཕྱོགས་ས་ཁུལ་དབང་དུ་བཟུང་། ཉིས་སྟོང་བཅོ་ལྔ་ལོའི་ཟླ་གསུམ་པར། སོ་ཏི་ཨ་རབ་སོགས་རྒྱལ་ཁབ་ཀྱིས་ཧུའུ་སའེ་དྲག་ཆས་རྩ་འཛུགས་ལ་དམིགས་པའི་རླུང་ནག་འཚུབ་མ་ཞེས་པའི་དམག་དོན་འགུལ་སྐྱོད་སྤེལ། ཉིས་སྟོང་བཅོ་བརྒྱད་ལོའི་ཟླ་བཅུ་གཉིས་པར། མཉམ་འབྲེལ་རྒྱལ་ཚོགས་ཀྱི་བར་འདུམ་འོག་ཏུ། ཡེ་མིན་གྱི་སྲིད་གཞུང་དང་ཧུའུ་སའེ་དྲག་ཆས་རྩ་འཛུགས་གཉིས་ཧི་ཐེ་ཏ་ནས་དམག་འཁྲུག་མཚམས་འཇོག་པ་དང་བཟུང་དམག་བརྗེ་རེས་བྱེད་པ་སོགས་གྲོས་གཞི་གཙོ་བོའི་ཐད་ནས་ལྟ་བ་གཅིག་མཐུན་བྱུང་མོད། ཡིན་ནའང་ཅང་མ་འགོར་བར་ཕྱོགས་གཉིས་ཀྱིས་ཕན་ཚུན་ལ་ཕ་རོལ་བས་དམག་འཁྲུག་མཚམས་འཇོག་པའི་གྲོས་ཆོད་ལ་གཏོར་བརླགས་བྱས་སོང་ཞེས་སྐྱོན་བརྗོད་བྱས། །

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།