ཀྲུང་གོ་བོད་ཀྱི་དྲ་བ།

ཨ་ཧྥེ་རི་ཁ་གླིང་མནའ་འབྲེལ་གྱི་དམིགས་བསལ་མཐོ་རིམ་གྲོས་ཚོགས་ཀྱིས་ཧྥེ་གླིང་སྐམ་ས་ཆེན་མོའི་རང་དབང་ཉོ་འཚོང་ཁུལ་བཙུགས་པ་དངོས་སུ་བསྒྲག་རྒྱུ་རེད།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-07-08
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཨ་ཧྥེ་རི་ཁ་གླིང་མནའ་འབྲེལ་ཧྥེ་གླིང་སྐམ་ས་ཆེན་མོའི་རང་དབང་ཉོ་འཚོང་ཁུལ་གྱི་དམིགས་བསལ་མཐོ་རིམ་གྲོས་ཚོགས་ཚེས་བདུན་ཉིན་ནེ་ཀྲིར་རྒྱལ་ཁབ་ཀྱི་རྒྱལ་ས་ཉི་ཡ་མཱེ་ནས་ཚོགས་མགོ་བརྩམས། གྲོས་ཚོགས་སྟེང་ཧྥེ་གླིང་སྐམ་ས་ཆེན་མོའི་རང་དབང་ཉོ་འཚོང་ཁུལ་བཙུགས་པ་དངོས་སུ་བསྒྲག་རྒྱུ་རེད།

ཧྥེ་གླིང་མནའ་འབྲེལ་གྱི་རེས་སྐོར་ཀྲུའུ་ཞི། ཨེ་ཅིབ་ཀྱི་ཙུང་ཐུང་སའེ་ཞི་ཡིས་གྲོས་ཚོགས་མགོ་རྩོམ་པའི་མཛད་སྒོའི་སྟེང་བཤད་རྒྱུར། ཧྥེ་གླིང་སྐམ་ས་ཆེན་མོའི་རང་དབང་ཉོ་འཚོང་ཁུལ་ནི་འཛམ་གླིང་སྟེང་གི་རང་དབང་ཉོ་འཚོང་ཁུལ་ཆེས་ཆེན་པོའི་གྲས་ཀྱི་གཅིག་ཏུ་འགྱུར་ངེས། རང་དབང་ཉོ་འཚོང་ཁུལ་གྱི་འཛུགས་སྐྲུན་ཐད་ནས་ཧྥེ་གླིང་མནའ་འབྲེལ་གྱི་ཁོངས་གཏོགས་རྒྱལ་ཁབ་སོ་སོས་གྲོལ་མོལ་ལ་ཤུགས་བསྣན་ཏེ། རྒྱལ་ཁབ་སོ་སོའི་བར་གྱི་དཔལ་འབྱོར་གྱི་ཁ་གསབ་རང་བཞིན་ལ་ཁག་ཐེག་བྱེད་དགོས་པར་མ་ཟད། དངུལ་གཏོང་གི་ཁོར་ཡུག་སྔར་ལས་བཟང་བོ་བསྐྲུན་དགོས་ཟེར།

ནེ་ཀྲིར་གྱི་ཙུང་ཐུང་དབྱི་སུའུ་ཧྥུའུ་ཡིས་གྲོས་ཚོགས་མགོ་རྩོམ་པའི་མཛད་སྒོའི་སྟེང་བཤད་རྒྱུར། ཧྥེ་གླིང་སྐམ་ས་ཆེན་མོའི་རང་དབང་ཉོ་འཚོང་ཁུལ་འཛུགས་པ་ནི་ཧྥེ་གླིང་མནའ་འབྲེལ་བཙུགས་པའི་ཚུན་གྱི་ཆེས་གལ་ཆེ་བའི་དོན་ཆེན་ཡིན་ལ། རང་དབང་ཉོ་འཚོང་ཁུལ་གྱི་འཕེལ་རྒྱས་ཀྱིས་ཧྥེ་གླིང་སྐམ་ས་ཆེན་མོའི་དཔལ་འབྱོར་གྱི་སྦས་ཤུགས་སྔར་ལས་སྔོག་འདོན་དང་ཐོན་ཁུངས་གསར་སྤེལ་ལ་ཡར་སྐུལ་བྱས་ཏེ། ལས་ཞུགས་ཀྱི་གོ་སྐབས་སྔར་ལས་མང་པོ་བསྐྲུན་ཐུབ་ཟེར།

ཧྥེ་གླིང་མནའ་འབྲེལ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཧྥ་ཅི་ཡིས་ཤིས་ཚིག་འབུལ་སྐབས་ནེ་ཀྲི་རི་ཡ་དང་པེ་ཉིང་རྒྱལ་ཁབ་གཉིས་ཀྱིས་ཧྥེ་གླིང་སྐམ་ས་ཆེན་མོའི་རང་དབང་ཉོ་འཚོང་ཁུལ་གྱི་གྲོས་ཆོད་དངོས་སུ་བཀོད་པ་ཡིན་ཞེས་བསྒྲགས།

ཧྥེ་གླིང་སྐམ་ས་ཆེན་མོའི་རང་དབང་ཉོ་འཚོང་ཁུལ་གྱི་གྲོས་ཆོད་དེ་ཟླ་ལྔ་བའི་ཚེས་སུམ་ཅུ་ཉིན་དངོས་སུ་ལག་བསྟར་བྱེད་མགོ་བརྩམས། མིག་སྔའི་བར་དུ་ཧྥེ་གླིང་མནའ་འབྲེལ་གྱི་ཁོངས་གཏོགས་རྒྱལ་ཁབ་ང་ལྔའི་ཁྲོད་དུ་ཨི་ལེ་ཐི་ལེ་མ་གཏོགས། གཞན་པའི་ཁོངས་གཏོགས་རྒྱལ་ཁབ་ང་བཞིས་གྲོས་ཆོད་བཀོད་ཡོད་ལ། དེའི་ནང་ཁོངས་གཏོགས་རྒྱལ་ཁབ་ཉེར་བདུན་གྱིས་རྒྱལ་ཁབ་རང་གི་འབྲེལ་ཡོད་བཅའ་ཁྲིམས་ཀྱི་འགྲོ་ལུགས་ལྟར་གྲོས་ཆོད་ལ་ཆོག་མཆན་བཀོད་རྗེས་ཧྥེ་གླིང་མནའ་འབྲེལ་ཨུ་ཡོན་ལྷན་ཁང་གི་གྲོས་ཆོད་མཆན་བཀོད་ཡི་གེ་སྤྲད།

ཉིས་སྟོང་བཅོ་ལྔ་ལོའི་ཟླ་དྲུག་པར། ཧྥེ་གླིང་མནའ་འབྲེལ་གྱི་ཁོངས་གཏོགས་རྒྱལ་ཁབ་ཀྱིས་ཧྥེ་གླིང་སྐམ་ས་ཆེན་མོའི་རང་དབང་ཉོ་འཚོང་ཁུལ་གྱི་གྲོས་མོལ་བྱེད་མགོ་བརྩམས། ཧྥེ་གླིང་མནའ་འབྲེལ་གྱིས་ཧྥེ་གླིང་སྐམ་ས་ཆེན་མོའི་རང་དབང་ཉོ་འཚོང་ཁུལ་བཙུགས་ནས། སྒོ་ཁྲལ་ཇེ་དམའ་རུ་གཏོང་བ་དང་ཉོ་འཚོང་གི་བཀག་རྒྱ་གཏོར་ཏེ། ཁུལ་ཁོངས་ནང་གི་ཉོ་འཚོང་དང་དངུལ་གཏོང་གོང་དུ་སྤེལ་རྒྱུ་དང་། ཚོང་རྫས་དང་ཞབས་ཞུ། མ་རྩ་དང་མི་སྣ་བཅས་ཁུལ་ཁོངས་ནང་རང་དབང་གིས་འཁོར་རྒྱུག་བྱེད་དུ་བཅུག་ནས། ཧྥེ་གླིང་གི་དཔལ་འབྱོར་ཚོགས་པ་སོ་སོ་ཁྲོམ་ར་ཆེན་པོ་ཞིག་ནས་མཉམ་བསྡུས་བྱེད་འདོད་ཡོད། །

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།