ཀྲུང་གོ་བོད་ཀྱི་དྲ་བ།

ཨ་ཧྥུའུ་ཧན་ནང་ཁུལ་གྱི་ཞི་བདེའི་གྲོས་མོལ་ཁ་ཐར་ནས་བསྡུས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-07-08
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཁ་ཐར་དང་འཇར་མན་གྱིས་མཉམ་དུ་གཙོ་སྒྲུབ་བྱས་པའི་ཨ་ཧྥུའུ་ཧན་ནང་ཁུལ་གྱི་ཞི་བདེའི་གྲོས་ཚོགས་ཚེས་བདུན་ཉིན་ཁ་ཐར་གྱི་རྒྱལ་ས་ཏོ་ཧ་ནས་བསྡུ་མགོ་བརྩམས།

ཁ་ཐར་གྱི་ཕྱི་འབྲེལ་བློན་ཆེན་གྱི་འཇིགས་སྐུལ་ངོ་རྒོལ་དང་རྩོད་གཞི་འདུམ་སྒྲིག་གི་ཆེད་བསྐོས་ཕོ་ཉ་མུའུ་ཐི་ལ་ཁི་ཡིས་ཚོགས་འདུ་མགོ་རྩོམ་པའི་མཛད་སྒོའི་སྟེང་བཤད་རྒྱུར། ཐེངས་འདིའི་གྲོས་ཚོགས་ནི་ཨ་ཧྥུའུ་ཧན་མི་དམངས་ཀྱིས་ཞི་བདེ་མངོན་འགྱུར་བྱ་ཆེད་མུ་མཐུད་གྲོས་མོལ་བྱེད་པའི་འདོད་བློའི་མཚོན་རྟགས་ཞིབ་མོ་ཞིག་ཡིན་ཟེར།

འཇར་མན་སྲིད་གཞུང་གི་ཨ་ཧྥུའུ་ཧན་དང་ཕ་ཁི་སི་ཐན་ལས་དོན་གྱི་དམིགས་བསལ་འཐུས་མི་པོ་ཚི་ཨར་གྱིས་བསྟན་དོན། ཐེངས་འདིའི་གྲོས་ཚོགས་ནི་ཚོགས་འདུར་ཞུགས་པའི་ཨ་ཧྥུའུ་ཧན་གྱི་ཕྱོགས་ཁག་སོ་སོའི་བར་དུ་ཡིད་ཆེས་ཀྱི་འབྲེལ་བ་བཙུགས་ནས། ཨ་ཧྥུའུ་ཧན་ནང་ཁུལ་གྱི་གྲོས་མོལ་ལ་ལམ་འདིང་བར་ཕན་པ་ཡོད་ཟེར།

རྒྱུས་ལོན་བྱུང་བ་ལྟར་ན། ཨ་ཧྥུའུ་ཧན་སྲིད་གཞུང་དང་ཨ་ཧྥུའུ་ཧན་གྱི་ཕྱོགས་ཁག་སོ་སོའི་མི་དྲུག་ཅུ་ལྷག་སྒེར་གྱི་མིང་ཐོག་ནས་ཐེངས་འདིའི་ཚོགས་ཡུན་ཉིན་གཉིས་ཀྱི་གྲོས་ཚོགས་ལ་ཞུགས་ཟེར།

ཁ་ཐར་དང་འཇར་མན་གྱིས་དེའི་སྔོན་ལ་སྤེལ་བའི་ཐེངས་འདིའི་གྲོས་ཚོགས་སྐོར་གྱི་མཉམ་ལས་གསལ་བསྒྲགས་ལས། ཨ་ཧྥུའུ་ཧན་གྱི་ཕྱོགས་ཁག་སོ་སོའི་བར་གྱི་ཐད་ཀར་གྱི་གྲོས་མོལ་ནི་ཨ་ཧྥུའུ་ཧན་གྱི་ཞི་བདེ་མངོན་དུ་འགྱུར་བའི་རྒྱུ་རྐྱེན་གལ་ཆེན་ཞིག་ཡིནན་ལ། དེ་ཨ་ཧྥུའུ་ཧན་གྱི་ཕྱོགས་ཁག་སོ་སོས་ཨ་ཧྥུའུ་ཧན་དང་ས་ཁུལ་རང་གི་ཞི་བདེ་དང་བདེ་འཇགས་ཐད་ལ་ཡིད་ཆེས་བཅངས་པར་ཕན་པ་ཡོད་ཅེས་བཤད་ཡོད།

ཐུར་ཁེ་དང་དབྱི་ལང་། ཀྲུང་གོ། དབྱིན་ཇི། ཧྥ་རན་སི། ཨུ་རུ་སི། རྒྱ་གར། ཕ་ཁི་སི་ཐན། ཐ་ཅི་ཁི་སི་ཐན་སོགས་རྒྱལ་ཁབ་ཀྱི་ཁ་ཐར་དུ་སྡོད་པའི་གཞུང་ཚབ་མི་སྣ་གདན་དྲངས་པ་ལྟར་གྲོས་ཚོགས་མགོ་རྩོམ་པའི་མཛད་སྒོར་ཞུགས། ཏོ་ཧ་ན་ཨ་མེ་རི་ཁ་དང་ཐ་ལེ་པན་གྱི་གྲོས་མོལ་ལ་ཞུགས་བཞིན་པའི་ཨ་མེ་རི་ཁའི་སྲིད་གཞུང་གི་ཨ་ཧྥུའུ་ཧན་འདུམ་སྒྲིག་ལས་དོན་གྱི་དམིགས་བསལ་འཐུས་མི་ཧ་ལེ་ལེ་ཀྲ་ཏི་ཡང་གྲོས་ཚོགས་མགོ་རྩོམ་པའི་མཛད་སྒོར་ཞུགས།

ཐེངས་འདིའི་གྲོས་ཚོགས་ནི་ཨ་ཧྥུའུ་ཧན་གྱི་ཞི་བདེའི་འཕེལ་རིམ་ཁྲོད་ཀྱི་བརྒལ་གཏོར་ཆེན་པོ་ཞིག་ཏུ་ངོས་བཟུང་ཡོད། དེའི་སྔོན་ལ། ཐ་ལེ་པན་གྱིས་ཨ་ཧྥུའུ་ཧན་སྲིད་གཞུང་ལ་ཨ་མེ་རི་ཁས་དབང་སྒྱུར་བཞིན་པར་འདོད་ནས། ཨ་ཧྥུའུ་ཧན་སྲིད་གཞུང་དང་ཐད་ཀར་དུ་གྲོས་མོལ་མ་བྱས་པར། ཨ་མེ་རི་ཁའི་བར་དུ་ཨ་ཧྥུའུ་ཧན་གྱི་ཞི་བདེའི་འཕེལ་རིམ་ཐད་ནས་གྲོས་མོལ་བྱེད་བཞིན་ཡོད། །

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།