ཀྲུང་གོ་བོད་ཀྱི་དྲ་བ།

ཡེ་མིན་གྱི་སྲིད་གཞུང་དམག་དང་ཧུའུ་སའེ་དྲག་ཆས་རྩ་འཛུགས་བར་འཁྲུག་རྩོད་བྱུང་ནས་ཉུང་མཐར་ཡང་མི་སེར་བཞི་རྐྱེན་ལམ་དུ་ཤོར།

ཡོང་ཁུངས། : ཤིན་ཧྭ་དྲ་བ།     སྤེལ་དུས། : 2019-07-07
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཤིན་ཧྭ་གསར་འགྱུར་དྲ་བས་གློག་འཕྲིན་འབྱོར་གསལ། ཡེ་མིན་གྱི་བདེ་འཇགས་སྡེ་ཁག་གི་དཔོན་རིགས་ཀྱིས་ཚེས་དྲུག་ཉིན་བཤད་རྒྱུར། ཡེ་མིན་གྱི་སྲིད་གཞུང་དམག་དང་ཧུའུ་སའེ་དྲག་ཆས་རྩ་འཛུགས་བར་དུ་ཚེས་ལྔ་ཉིན་གྱི་ཕྱི་དྲོ་ནས་བཟུང་མཚོ་དམར་གྱི་གྲོང་ཁྱེར་ཧི་ཐེ་ཏ་ནས་འཁྲུག་རྩོད་བྱུང་སྟེ། ཉུང་མཐར་ཡང་མི་སེར་བཞི་རྐྱེན་ལམ་དུ་ཤོར་བ་དང་། མི་བཅུ་ཕྲག་འགའ་ལ་རྨས་ཕོག་ཟེར།

ཡེ་མིན་གྱི་བདེ་འཇགས་སྡེ་ཁག་གི་དཔོན་རིགས་ཤིག་གིས་ཞིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པར་བཤད་རྒྱུར། ཚེས་ལྔ་ཉིན་གྱི་ཕྱི་དྲོར། ཡེ་མིན་གྱི་སྲིད་གཞུང་དམག་དང་ཧུའུ་སའེ་དྲག་ཆས་རྩ་འཛུགས་བར་ཧི་ཐེ་ཏའི་ལྷོ་ཕྱོགས་ཀྱི་མཚོ་ཁུགས་ས་ཁུལ་དང་ཐ་ཞི་ཐ་ས་ཁུལ་ནས་འཁྲུག་རྩོད་དྲག་པོ་བྱུང་། དེའི་རྗེས་སུ་འཁྲུག་རྩོད་དེ་ཧི་ཐེ་ཏའི་ཤར་ཕྱོགས་ཀྱི་སྡོད་དམངས་ཁུལ་དུ་མཆེད་ནས། མི་སེར་བཞི་རྐྱེན་ལམ་དུ་ཤོར་བ་དང་། མི་བཅུ་ཕྲག་འགའ་ལ་རྨས་ཕོག མིག་སྔར་འཁྲུག་རྩོད་ད་དུང་མཚམས་ཆད་མེད་ཟེར།

དཔོན་རིགས་དེས་འཁྲུག་རྩོད་བྱུང་བའི་ཕྱོགས་གཉིས་ཀྱི་ཤི་རྨས་གནས་ཚུལ་གསལ་བོར་མ་བཤད།

ཉིས་སྟོང་བཅུ་བཞི་ལོའི་ཟླ་དགུ་བར། ཡེ་མིན་གྱི་ཧུའུ་སའེ་དྲག་ཆས་རྩ་འཛུགས་ཀྱིས་དྲག་ཤུགས་ལ་བརྟེན་ནས་རྒྱལ་ས་སཱ་ན་འཕྲོག་པར་མ་ཟད། རིམ་བཞིན་ཡེ་མིན་གྱི་ལྷོ་ཕྱོགས་ས་ཁུལ་དབང་དུ་བཟུང་། ཉིས་སྟོང་བཅོ་ལྔ་ལོའི་ཟླ་གསུམ་པར། སོ་ཏི་ཨ་རབ་སོགས་རྒྱལ་ཁབ་ཀྱིས་ཧུའུ་སའེ་དྲག་ཆས་རྩ་འཛུགས་ལ་དམིགས་པའི་རླུང་ནག་འཚུབ་མ་ཟེར་བའི་དམག་དོན་འགུལ་སྐྱོད་ཅིག་སྤེལ། ཉིས་སྟོང་བཅོ་བརྒྱད་ལོའི་ཟླ་བཅུ་གཉིས་པར། མཉམ་འབྲེལ་རྒྱལ་ཚོགས་ཀྱི་བར་འདུམ་འོག་ཏུ། ཡེ་མིན་གྱི་སྲིད་གཞུང་དང་ཧུའུ་སའེ་དྲག་ཆས་རྩ་འཛུགས་ཀྱིས་སུའེ་ཏེན་རྒྱལ་ཁབ་ཀྱི་སི་ཏི་ཀི་ཨར་མོ་ནས་ཧི་ཐེ་ཏ་ས་ཁུལ་དུ་དམག་འཁྲུག་རྒྱག་མཚམས་འཇོག་པ་དང་། བཟུང་དམག་བརྗེ་རེས་སོགས་གྲོས་གཞི་གལ་ཆེན་སྐོར་ནས་གྲོས་མཐུན་བྱུང་མོད། ཡིན་ནའང་ཅང་མ་འགོར་བར་ཕྱོགས་གཉིས་ཀྱིས་ཕན་ཚུན་ལ་ཕ་རོལ་བས་དམག་འཁྲུག་རྒྱག་མཚམས་འཇོག་པའི་གྲོས་ཆོད་ལ་གཏོར་བརླགས་བྱས་སོང་ཞེས་སྐྱོན་བརྗོད་བྱས།

རྩོམ་སྒྲིག་པ། : ཚེ་རིང་དོན་འགྲུབ།