ཕྱི་རྒྱལ་དུ་སྡོད་པའི་ཀྲུང་གོ་བས་ཞང་ཀང་ཁྲིམས་འཛུགས་ཚོགས་པར་དྲག་ཤུགས་ཀྱིས་རྒོལ་བའི་དོན་རྐྱེན་དེར་བསྟུད་མར་རྒོལ་གཏམ་བཏང་།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཚེས་གཅིག་ཉིན་བྱུང་བའི་ཞང་ཀང་དམིགས་བསལ་སྲིད་འཛིན་ས་ཁུལ་གྱི་ཁྲིམས་འཛུགས་ཚོགས་པའི་ཐོག་ཁང་ལ་དྲག་ཤུགས་ཀྱིས་རྒོལ་བའི་དོན་རྐྱེན་དེར་དམིགས་ནས། ཕྱི་རྒྱལ་དུ་སྡོད་པའི་ཀྲུང་གོས་ཉིན་འགའི་རིང་ལ་བསྟུད་མར་རྒོལ་གཏམ་བཏང་བར་མ་ཟད། དམིགས་བསལ་སྲིད་འཛིན་ས་ཁུལ་སྲིད་གཞུང་གིས་ཁྲིམས་ལྟར་དྲག་ཤུགས་ཉེས་ཅན་གྱི་ཉེས་དོན་འགན་འཁྲི་རྩད་གཅོད་བྱེད་པ་དང་། ཞང་ཀང་གི་དར་རྒྱས་གཏན་འཇགས་ཀྱི་རྣམ་པར་ཁྲིམས་ལྟར་སྲུང་སྐྱོབ་བྱེད་པར་མཐའ་གཅིག་ཏུ་རྒྱབ་སྐྱོར་བྱེད་པ་ཡིན་ཞེས་བསྟན།

དབྱིན་ཇིར་སྡོད་པའི་ཀྲུང་གོ་བའི་ཀྲུང་གོ་གཅིག་གྱུར་ཡར་སྐུལ་ཚོགས་པའི་རྒྱུན་ལས་ཚོགས་གཙོ་གཞོན་པ་ལིའུ་ཁའེ་ཡིས་བཤད་རྒྱུར། ཐལ་སྤྱོད་མི་སྣ་ཁ་ཤས་ཀྱིས་དམིགས་བསལ་སྲིད་འཛིན་ས་ཁུལ་སྲིད་གཞུང་གི་འབྲེལ་ཡོད་སྲོལ་ཡིག་བཟོ་བཅོས་ལ་ཁ་གཡར་ཏེ། ཁྲིམས་འཛུགས་ཚོགས་པའི་ཐོག་ཁང་ལ་དྲག་རྒོལ་བྱས་ནས། ཁྲིམས་འཛུགས་ཚོགས་པའི་སྒྲིག་ཆས་ལ་བསམ་བཞིན་དུ་གཏོར་བརླགས་བྱས། ཁྲིམས་འགལ་གྱི་བྱ་སྤྱོད་ཚབས་ཆེན་དེའི་རིགས་ཀྱིས་ཞང་ཀང་གི་ཁྲིམས་སྐྱོང་ལ་རྡོག་བརྫིས་བཏང་བ་དང་། ཞང་ཀང་གི་སྤྱི་ཚོགས་སྒྲིག་ལམ་ལ་གཏོར་བརླགས་བྱས་ཤིང་། ཞང་ཀང་གི་གཞི་རྩའི་ཁེ་ཕན་ལ་གནོད་བསྐྱལ་ཡོད་ལ། དེ་ནི་རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ཀྱི་ཚད་མཐའ་ལ་མངོན་གསལ་གྱིས་འགྲན་བསླངས་པ་ཞིག་རེད་ཟེར།

ཨ་ཀིན་ཐིན་གྱི་ཀྲུང་གོ་ཞི་བདེ་གཅིག་གྱུར་ཡར་སྐུལ་ཚོགས་པའི་ཚོགས་གཙོ་ལོ་ཁྲའོ་ཞི་ཡིས་བཤད་རྒྱུར། ཞང་ཀང་ནས་ཁྲིམས་འཛུགས་ཚོགས་པར་དྲག་ཤུགས་ཀྱིས་རྒོལ་བའི་གནས་ཚུལ་གོ་རྗེས། ཨ་ཀིན་ཐིན་དུ་སྡོད་པའི་ཀྲུང་གོ་བ་རྣམས་ཁོང་ཁྲོ་ཆེན་པོ་ལངས་ནས། ཞང་ཀང་གི་དར་རྒྱས་གཏན་འཇགས་ལ་གཏོར་བརླགས་བྱེད་མཁན་གྱི་མི་ངན་དེ་དག་ལ་རྒོལ་གཏམ་དྲག་པོ་བཏང་བར་མ་ཟད། ཞང་ཀང་ཉེན་རྟོག་ཕྱོགས་ཀྱིས་ཁྲིམས་ལྟར་འགན་ནུས་ལག་བསྟར་བྱེད་པ་དང་། འབྲེལ་ཡོད་སྡེ་ཁག་གིས་ཁྲིམས་ལྟར་དྲག་ཤུགས་ཉེས་ཅན་གྱི་ཉེས་དོན་འགན་འཁྲི་རྩད་གཅོད་པར་མཐའ་གཅིག་ཏུ་རྒྱབ་སྐྱོར་བྱེད་པ་ཡིན་ཟེར།

སི་ཕེན་ཡོ་ཧྭ་སྨྱན་སྦྱོར་ཁང་གི་མགོ་གཙོ། སྤྱི་ཁྱབ་རྩོམ་སྒྲིག་པ་ཐའོ་ཞིན་དབྱི་ཡིས་བཤད་རྒྱུར། སི་ཕེན་དུ་སྡོད་པའི་ཀྲུང་གོ་བ་རྣམས་ཞང་ཀང་ནས་ཁྲིམས་འཛུགས་ཚོགས་པར་དྲག་ཤུགས་ཀྱིས་རྒོལ་བའི་དོན་རྐྱེན་བྱུང་བར་ཡ་ང་ཡོད་པ་དང་སེམས་སྐྱོ་ཡོད་ལ། ཁྲིམས་འགལ་གྱི་བྱ་སྤྱོད་ཚབས་ཆེན་དེའི་རིགས་ལ་རྒོལ་གཏམ་དྲག་པོ་བཏང་བ་ཡིན་ཟེར། ཁོ་མོས་བཤད་རྒྱུར། དོན་རྐྱེན་བྱུང་རྗེས། ང་ཚོས་ཨ་མེ་རི་ཁ་དང་། དབྱིན་ཇི། ཡོ་རོབ་གླིང་མནའ་འབྲེལ་སོགས་ཕྱོགས་ནས་དོན་རྐྱེན་དེའི་ཐད་གནས་ལུགས་དང་མི་མཐུན་ཞིང་ཐ་ན་ལྐོག་གཡོ་ཅན་གྱི་གཏམ་བརྗོད་སྤེལ་བ་མཐོང་བྱུང་། དེ་ནི་ཞང་ཀང་གི་ལས་དོན་དང་ཀྲུང་གོའི་ནང་སྲིད་ལ་བཙན་གྱིས་ཐེ་གཏོགས་བྱས་པ་ཡིན། ཞང་ཀང་ནི་ཀྲུང་གོའི་ཞང་ཀང་ཡིན་པས། རྒྱལ་ཁབ་ལ་ལར་དེར་གང་བྱུང་དུ་སྐྱོན་བརྗོད་བྱེད་པ་དང་གང་འདོད་ལྟར་སྡོམ་ཚིག་འགོད་པའི་དབང་ཆ་མེད་ཟེར།

ཁ་ཐར་དུ་སྡོད་པའི་ཀྲུང་གོའི་ཕྱིར་སྡོད་རང་མིའི་ན་གཞོན་ཨུ་ཡོན་ལྷན་ང་གི་མཚན་འཛིན་ཨུ་ཡོན་ཆི་ཙི་ཧན་གྱིས་བཤད་རྒྱུར། ཞང་ཀང་གི་བསམ་ངན་ཅན་གྱི་མི་ལ་ལས་ཁྲིམས་འཛུགས་ཚོགས་པར་དྲག་རྒོལ་བྱས་པ་དེ་ནི་ཞང་ཀང་མི་དམངས་ཀྱི་བདེ་སྐྱིད་ལ་བསམ་བཞིན་དུ་གནོད་བསྐྱལ་བ་དང་། རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ཀྱི་ཚད་མཐའ་ལ་གཏོར་བརླགས་ཚབས་ཆེན་བྱས་པ་ཞིག་ཡིན་པས། ཕྱི་རྒྱལ་དུ་སྡོད་པའི་ཀྲུང་གོ་བ་རྣམས་དེར་ཁོང་ཁྲོ་ཚད་མེད་ལངས་ཡོད་པ་དང་། དམིགས་བསལ་སྲིད་འཛིན་ས་ཁུལ་སྲིད་གཞུང་གིས་ཁྲིམས་ལྟར་ཞང་ཀང་གི་སྤྱི་ཐུན་སྒྲིག་ལམ་ལ་སྲུང་སྐྱོབ་དང་། ཞང་ཀང་མི་དམངས་ཀྱི་ཁེ་ཕན་ལ་སྲུང་སྐྱོབ་བྱེད་རྒྱུའི་རེ་བ་དྲག་པོ་བཅངས་ཡོད་ཟེར།

ཁ་ན་ཏའི་ཏོ་ལུན་ཏོ་ཀྲུང་གོ་བའི་མཉམ་འབྲེལ་སྤྱིའི་ཚོགས་པའི་ཀྲུའུ་ཞི་ཝུན་གོ་ཉིང་གིས་བཤད་རྒྱུར། ཐལ་སྤྱོད་མི་སྣ་ཧ་ཅང་ཉུང་ངུས་ཁྲིམས་འཛུགས་ཚོགས་པར་དྲག་ཤུགས་ཀྱིས་རྒོལ་བ་དེ་ནི་ལྐོག་ཇུས་ཡོད་པ་དང་རྩ་འཛུགས་ཡོད་པའི་དྲག་ཤུགས་བྱ་འགུལ་ཅིག་ཡིན་པ་མངོན་གསལ་རེད། ཁ་ན་ཏའི་ཏོ་ལོ་ཏོ་ཀྲུང་གོ་བའི་མཉམ་འབྲེལ་སྤྱིའི་ཚོགས་པས་ཞང་ཀང་ཉེན་རྟོག་ཕྱོགས་ཀྱིས་ཁྲིམས་ལྟར་འགན་ནུས་ལག་བསྟར་བྱེད་པ་དང་། ཁྲིམས་ལྟར་དྲག་ཤུགས་ཉེས་ཅན་གྱི་ཉེས་དོན་འགན་འཁྲི་རྩད་གཅོད་པ། སྤྱི་ཚོགས་ཀྱི་རྒྱུན་ལྡན་སྒྲིག་ལམ་མྱུར་དུ་སླར་གསོ་བྱེད་པ། ཞང་ཀང་གི་དར་རྒྱས་གཏན་འཇགས་ལ་སྲུང་སྐྱོབ་བྱེད་པ་བཅས་ཀྱི་འབོད་སྐུལ་བཏང་བར་མ་ཟད་དེར་མཐའ་གཅིག་ཏུ་རྒྱབ་སྐྱོར་བྱེད་པ་ཡིན་ཟེར། །

རྩོམ་སྒྲིག་པ། ཚེ་མཁར་རྒྱལ།

དཔྱད་མཆན 0 ཡོད།