ཀྲུང་གོ་བོད་ཀྱི་དྲ་བ།

ཕྱི་རྒྱལ་གྱི་ཆེད་མཁས་པས་ཞང་ཀང་ཁྲིམས་འཛུགས་ཚོགས་པར་དྲག་ཤུགས་ཀྱིས་རྒོལ་བའི་དོན་རྐྱེན་ལ་རྒོལ་གཏམ་བཏང་བ་དང་ཕྱི་རྒྱལ་གྱི་སྟོབས་ཤུགས་ཀྱིས་ཀྲུང་གོའི་ནང་སྲིད་ལ་ཐེ་གཏོགས་བྱས་པར་ངོ་རྒོལ་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-07-05
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཟླ7པའི་ཚེས1ཉིན་ཞང་ཀང་དམིགས་བསལ་སྲིད་འཛིན་ས་ཁུལ་ནས་ཐལ་སྤྱོད་མི་སྣ་ཁ་ཤས་ཀྱིས་དྲག་ཤུགས་ལ་བརྟེན་ནས་ཁྲིམས་འཛུགས་ཚོགས་པའི་ཐོག་ཁང་ལ་འཇབ་རྒོལ་བྱས་ཏེ། ཁྲིམས་འཛུགས་ཚོགས་པའི་སྒྲིག་ཆས་ལ་བསམ་བཞིན་དུ་གཏོར་བརླགས་བྱས། ཕྱི་རྒྱལ་གྱི་ཆེད་མཁས་པས་ལང་ལོངས་སྒོས་དེར་རྒོལ་གཏམ་བཏང་བ་དང་། ཁོ་ཚོས་དེ་ནི་ཁྲིམས་སྐྱོང་ལ་རྡོག་བརྫིས་བཏང་བ་དང་སྤྱི་ཚོགས་སྒྲིག་ལམ་ལ་གཏོར་བརླགས་བྱས་པའི་ཁྲིམས་འགལ་གྱི་བྱ་སྤྱོད་ཚབས་ཆེན་ཞིག་རེད་ཅེས་བཤད་པར་མ་ཟད། ཕྱི་རྒྱལ་གྱི་སྟོབས་ཤུགས་ཀྱིས་ཞང་ཀང་གི་དོན་དག་དང་ཀྲུང་གོའི་ནང་སྲིད་ལ་ཐེ་གཏོགས་བྱེད་མཚམས་འཇོག་དགོས་པའི་འབོད་སྐུལ་བཏང་།

ཧྥ་རན་སིའི་ཕ་རི་སིའི་སློབ་ཆེན་བརྒྱད་པའི་དགེ་རྒན་ཆེན་མོ། ཀྲུང་གོའི་གནད་དོན་གྱི་ཆེད་མཁས་པ་ཕིས་ཁ་ཨར་གྱིས་བཤད་རྒྱུར། ཞང་ཀང་ནས་ཉེ་སྔོན་བྱུང་བའི་དྲག་ཤུགས་དོན་རྐྱེན་དེ་ནི་དང་ལེན་བྱེད་མི་ཐུབ་པ་དང་བཟོད་སྒོམ་བྱེད་མི་རུང་བ་ཞིག་རེད། དེ་རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ཀྱི་རྩ་དོན་དང་འགལ་ཡོད་པ་དང་། དེས་སྤྱི་ཚོགས་སྒྲིག་ལམ་དང་དཔལ་འབྱོར་སྒྲིག་ལམ་ལ་གཏོར་བརླགས་བྱས་ཡོད་པར་མ་ཟད། ཞང་ཀང་སྡོད་དམངས་ཀྱི་རྩ་བའི་ཁེ་ཕན་ལ་ཡང་གནོད་པ་ཡོད། ཞང་ཀང་གི་དོན་དག་ནི་ཀྲུང་གོའི་ནང་སྲིད་ཡིན་པས། རྒྱལ་ཁབ་གཞན་དག་གིས་དེར་ཐེ་གཏོགས་བྱེད་མི་འོས། ནུབ་ཕྱོགས་སྨྱན་སྦྱོར་ཁག་གིས་ཞང་ཀང་གི་དོན་རྐྱེན་འུར་ཆེན་པོས་བསྒྲགས་པ་དེ་ལས་ནུབ་ཕྱོགས་སྨྱན་སྦྱོར་གྱི་གསར་འགྱུར་དྲིལ་སྒྲོག་ཐད་ཀྱི་ཕྱོགས་ལྷུང་གི་ལངས་ཕྱོགས་མཚོན་ཡོད་ཟེར།

ཁིན་ཉི་ཡའི་ཀྲུང་གོ་དང་ཨ་ཧྥེ་རི་ཁའི་གནད་དོན་གྱི་ཆེད་མཁས་པ་ཁ་ཝུན་སི་ཡིས་བཤད་རྒྱུར། ཐལ་སྤྱོད་མི་སྣས་ཞང་ཀང་དམིགས་བསལ་སྲིད་འཛིན་ས་ཁུལ་གྱི་ཁྲིམས་འཛུགས་ཚོགས་པར་དྲག་རྒོལ་བྱས་པ་དེར་མི་རྣམས་ཡ་ང་ཡོད། དེ་ནི་ཁྲིམས་སྐྱོང་ལ་མངོན་གསལ་གྱིས་གནོད་བསྐྱལ་བ་ཞིག་ཡིན་པས་དང་ལེན་བྱེད་ཐབས་མེད་ཟེར། ཁོས་བསྟན་དོན། དབྱིན་ཇིའི་ཕྱི་འབྲེལ་བློན་ཆེན་ཧིན་ཐི་ཡིས་ཉེ་སྔོན་ཞང་ཀང་གི་གནད་དོན་ཐད་ནས་རྣམ་འགྱུར་བསྟན་པ་དེས་ནུབ་ཕྱོགས་ཀྱི་རྒྱལ་ཁབ་ཁ་ཤས་ཀྱིས་དུས་ཡུན་རིང་བོར་ཀྲུང་གོ་དང་འབྲེལ་བའི་གནད་དོན་ཐད་དུ་ཚད་གཞི་སྣ་གཉིས་འཛིན་བཞིན་པའི་མཚང་ཕྱི་རུ་བརྟོལ་ཡོད། ཞང་ཀང་ནི་ཀྲུང་གོའི་དམིགས་བསལ་སྲིད་འཛིན་ས་ཁུལ་ཡིན་པ་དང་། ཞང་ཀང་གི་དོན་དག་ནི་ཀྲུང་གོའི་ནང་སྲིད་ལ་གཏོགས། གལ་ཏེ་དྲག་ཤུགས་དོན་རྐྱེན་དེ་འདྲ་དབྱིན་ཇི་རུ་བྱུང་བ་ཡིན་ཚེ། ཧིན་ཐི་ཡིས་རྣམ་འགྱུར་དེ་འདྲ་སྟོན་སྲིད་དམ་ཟེར།

ཨུ་རུ་སིའི་ཚན་རིག་གླིང་ཡོན་ཏུང་ཞིབ་འཇུག་ཁང་གི་འགོ་གཙོ་གཞོན་པ་ཨོ་སི་ཐི་ལོ་ཧྥུའུ་སི་ཅི་ཡིས་ས་དེའི་སྨྱན་ལམ་བརྒྱུད་དུ་བཤད་རྒྱུར། ཞང་ཀང་ནས་བྱུང་བའི་དོན་རྐྱེན་དེ་ཕྱི་ཕྱོགས་སྟོབས་ཤུགས་ཀྱིས་ལག་བསྲིངས་པ་དང་ངན་སྐུལ་བྱས་པར་འབྲེལ་བ་ཡོད། གལ་ཏེ་དོན་དག་དེ་འདྲ་མུ་མཐུད་དུ་བྱུང་ན། ཞང་ཀང་གི་དངུལ་གཏོང་ཁོར་ཡུག་ལ་གཏོར་བརླགས་བྱེད་སྲིད་ཟེར།

ཨེ་ཅིབ་ཀྱི་པེ་ཉི་སུའུ་ཝེ་ཧྥུའུ་སློབ་ཆེན་གྱི་ཆབ་སྲིད་རིག་པའི་དགེ་རྒན་ཆེན་མོ། ཀྲུང་གོའི་དོན་དག་གི་ཆེད་མཁས་པ་ཞི་ལེ་མུས་ཀྱིས་བཤད་རྒྱུར། ཞང་ཀང་ནས་ཁྲིམས་འཛུགས་ཚོགས་པར་དྲག་རྒོལ་བྱས་པའི་དོན་རྐྱེན་དེར་མི་རྣམས་ཡ་ང་ཡོད། བྱ་སྤྱོད་དེའི་རིགས་ནི་གཏམ་བརྗོད་རང་དབང་གི་ཁྱབ་ཁོངས་ལས་རིང་དུ་བརྒལ་ཡོད། ངོ་རྒོལ་བྱེད་མཁན་དེ་དག་ལ་ཕྱི་རྒྱལ་གྱི་སྟོབས་ཤུགས་ཀྱིས་ཁ་ལོ་བསྒྱུར་བ་དང་ངན་སྐུལ་བྱས་པ་ཡིན་སྲིད། ཚང་མས་ཤེས་གསལ་ལྟར་དུ་ཞང་ཀང་ནི་ཀྲུང་གོའི་མངའ་ཁོངས་བསྙོན་མེད་ཅིག་ཡིན་ལ། ཞང་ཀང་གི་དོན་དག་ནི་ཀྲུང་གོའི་ནང་སྲིད་དུ་གཏོགས་པས། དབྱིན་ཇི་དང་ནུབ་ཕྱོགས་ཀྱི་རྒྱལ་ཁབ་གཞན་དག་ལ་ཞང་ཀང་གི་དོན་དག་ལ་ཐེ་གཏོགས་བྱེད་པའི་དབང་ཆ་མེད་ཟེར།

ཨུ་རུ་སི་དཀར་པོའི་ཕྱི་ཕྱོགས་མཛའ་མཐུན་མཐུན་ཚོགས་ཀྱི་ཀྲུའུ་ཞི་དབྱི་ཝན་ནོ་ཝ་ཡིས་བཤད་རྒྱུར། ཞང་ཀང་དམིགས་བསལ་སྲིད་འཛིན་ས་ཁུལ་སྲིད་གཞུང་གིས་ཁྲིམས་ལྟར་འབྲེལ་ཡོད་སྲོལ་ཡིག་བཟོ་བཅོས་བྱས་པ་ནི་ཀྲུང་གོའི་ནང་སྲིད་ཤ་སྟག་ཡིན་པས། རྒྱལ་ཁབ་གཞན་དག་ལ་དེར་ཐེ་གཏོགས་བྱེད་པའི་དབང་ཆ་མེད་ཟེར། ཁོ་མོས་ནུབ་ཕྱོགས་ཀྱི་ཆབ་སྲིད་པས་རང་གི་གཏམ་སྦྱོར་ལ་མཉམ་བཞག་སྟེ། ཀྲུང་གོའི་ནང་སྲིད་ལ་ཐེ་གཏོགས་བྱེད་མཚམས་འཇོག་དགོས་ཞེས་ནན་བཤད་བྱས།

ཕ་ཁི་སི་ཐན་གྱི་དབྱི་སི་ལན་པའོ་ཞི་བདེ་དང་ཕྱི་འབྲེལ་ཞིབ་འཇུག་ཁང་གི་འགོ་གཙོ་ཨ་ཞི་ཧྥུའུ་ཡིས་བཤད་རྒྱུར། ཐེངས་འདིར་ཁྲིམས་འཛུགས་ཚོགས་པར་དྲག་ཤུགས་ཀྱིས་རྒོལ་བའི་དོན་རྐྱེན་དེ་ནི་འཛམ་གླིང་ཡོངས་སུ་མཐོང་དཀོན་པའི་དོན་རྐྱེན་ཚབས་ཆེན་ཞིག་ཡིན་པས། ཞང་ཀང་དམིགས་བསལ་སྲིད་འཛིན་ས་ཁུལ་སྲིད་གཞུང་གིས་བྱེད་ཐབས་སྤྱད་དེ་ཁྲིམས་འཛུགས་ཚོགས་པར་དྲག་རྒོལ་བྱེད་མཁན་དེ་དག་ལ་ཁྲིམས་ཆད་གཅོད་དགོས། ཞང་ཀང་གི་དོན་དག་ནི་ཀྲུང་གོ་ནང་ཁུལ་གྱོ་དོན་དག་ཡིན་པས། ཕྱི་ཕྱོགས་ཀྱི་སྟོབས་ཤུགས་གང་གིས་ཀྱང་དེར་ཐེ་གཏོགས་བྱེད་མི་རུང་། གལ་ཏེ་འདི་འདྲའི་དོན་དག་ནུབ་ཕྱོགས་ཀྱི་རྒྱལ་ཁབ་གང་ནས་བྱུང་ཡང་། ང་ཚོས་རྒྱལ་ཁབ་དེའི་སྲིད་གཞུང་གིས་ངོ་རྒོལ་བ་དྲག་གནོན་བྱེད་པ་མཐོང་ངེས་ཟེར། །

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།