ཀྲུང་གོ་བོད་ཀྱི་དྲ་བ།

དབྱི་སི་རལ་གྱི་ཨེ་ཙི་ཨོ་ཕི་ཡའི་རྒྱུད་ཀྱི་ཡ་ཧུ་ད་པས་གཞི་ཁྱོན་ཆེ་བའི་ཁྲོམ་སྐོར་བྱས་ཏེ་ན་གཞོན་ཞིག་ཉེན་རྟོག་པས་བསད་པར་ངོ་རྒོལ་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-07-04
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  དབྱི་སི་རལ་ནས་ཚེས་གཉིས་ཉིན་གཞི་ཁྱོན་ཆེ་བའི་ཁྲོམ་སྐོར་རྔམ་སྟོན་བྱ་འགུལ་སྤེལ་ནས། ཨེ་ཙི་ཨོ་ཕི་ཡའི་རྒྱུད་ཀྱི་ཡ་ཧུ་ད་པའི་ན་གཞོན་ཞིག་ཉེན་རྟོག་པས་མེ་མདས་བརྒྱབ་སྟེ་བསད་པར་ངོ་རྒོལ་བྱས།

ཉིན་དེར། དབྱི་སི་རལ་གྱི་ཨེ་ཙི་ཨོ་ཕི་ཡའི་རྒྱུད་ཀྱི་ཡ་ཧུ་ད་པ་སྟོང་ཕྲག་འགའ་ཐི་ལ་ཝེ་ཧྥུའུ་དང་། ཡེ་ལུའུ་ས་ལུན་སོགས་ས་ཆའི་སྲང་ལམ་དུ་སོང་སྟེ། དམར་གསོད་མཚམས་འཇོག་དགོས། རིགས་རྒྱུད་རིང་ལུགས་མཇུག་རྫོགས་དགོས་ཞེས་པ་སོགས་ཀྱི་ཁ་གཡང་བསྒྲགས་ནས། ཉེན་རྟོག་པས་ཚད་ལས་བརྒལ་ནས་ཁྲིམས་ལག་བསྟར་བྱེད་པ་དང་རིགས་རྒྱུད་ལ་མཐོང་ཆུང་བྱེད་པར་ངོ་རྒོལ་བྱས་པ་དང་། དོན་རྐྱེན་དེ་དང་འབྲེལ་ཡོད་ཀྱི་ཉེན་རྟོག་པར་ཆད་པ་ནན་མོ་གཅོད་དགོས་པའི་རེ་བ་བཏོན། ཡེ་ལུའུ་ས་ལུན་སྦྲགས་སྲིད་ཚགས་པར་སྟེང་བསྒྲགས་པའི་གནས་ཚུལ་ལྟར་ན། ཉིན་དེའི་ཁྲོམ་སྐོར་ལས་དྲག་ཤུགས་འཁྲུག་རྩོད་བྱུང་ནས། བསྡོམས་པས་ཉེན་རྟོག་པ་ཞེ་བདུན་ལ་རྨས་ཕོག་པ་དང་། མི་དྲུག་ཅུ་ལྷག་འཛིན་བཟུང་བྱས་ཟེར།

དབྱི་སི་རལ་གྱི་ཙུང་ལི་ནེ་ཐ་ཉི་ཡ་ཧུའུ་ཡིས་དེའི་རྗེས་སུ་དོན་རྐྱེན་དེའི་ཐད་ནས་གཏམ་བཤད་སྤེལ་ཏེ། རྔམ་སྟོན་པས་བཅའ་ཁྲིམས་བརྩི་སྲུང་བྱེད་དགོས་པ་དང་། ལམ་འགོག་མཚམས་འཇོག་དགོས་པའི་འབོད་སྐུལ་བཏང་བར་མ་ཟད། འབད་པ་སྔར་ལས་ཆེན་པོས་གནད་དོན་དེ་ཐག་གཅོད་རྒྱུའི་དམ་བཅས།

ཟླ་དྲུག་པའི་ཚེས་སུམ་ཅུ་ཉིན། ཨེ་ཙི་ཨོ་ཕི་ཡའི་རྒྱུད་ཀྱི་ཡ་ཧུ་ད་པའི་ན་གཞོན་ཞིག་ཧེ་ཧྥ་གྲོང་ཁྱེར་ནས་ཉེན་རྟོག་པ་ཞིག་གིས་མེ་མདས་བརྒྱབ་སྟེ་བསད། ཉིན་རྟོག་པས་གསལ་བསྒྲགས་ཤིག་གི་ནང་དུ་བཤད་རྒྱུར། སྐབས་དེར་ཁོས་ཨེ་ཙི་ཨོ་ཕི་ཡའི་རྒྱུད་ཀྱི་ན་གཞོན་མང་པོ་ཁ་འཛིང་བྱེད་བཞིན་པ་མཐོང་ནས། དེར་སོང་སྟེ་གནས་ཚུལ་དྲིས་པར་མ་ཟད་རང་ཉིད་ཉེན་རྟོག་པ་ཡིན་པ་ཤེས་སུ་བཅུག་མོད་ཡིན་ནའང་ན་གཞོན་དེ་དག་གིས་ཁོ་ལ་རྡོ་ཡིས་བརྒྱབ་ནས་ཉེན་ཁར་ཐུག་པས་ཁོས་རང་སྲུང་བྱ་ཆེད་མེ་མདས་བརྒྱབ་པ་ཡིན་ཟེར། ཡིན་ནའང་གནས་ཚུལ་དེ་མཐོང་མཁན་གྱིས་ཉེན་རྟོག་པ་དེར་སྐབས་དེར་བདེ་འཇགས་ཐད་ཀྱི་ཉེན་ཁ་ཅི་ཡང་མེད་ཟེར།

དབྱི་སི་རལ་གྱི་ཉེན་རྟོག་ཕྱོགས་ཀྱིས་རྟོག་ཞིབ་བྱས་པ་ལྟར་ན། སྐབས་དེར་མེ་མདའི་མདེའུ་ས་རུ་ཕོག་རྗེས་མདའ་འཁྱམས་བྱུང་སྟེ་ན་གཞོན་དེར་ཕོག་པ་དང་། དོན་རྐྱེན་དེ་དང་འབྲེལ་བ་ཡོད་པའི་ཉེན་རྟོག་པ་དེ་བཀག་ཉར་ཅུང་ཙམ་བྱས་རྗེས་ཕྱིར་བཏང་ལ། མིག་སྔར་འགུལ་སྐྱོད་ལ་ཚོད་འཛིན་ཐེབས་ཡོད་ཟེར། ཡིན་ནའང་ཨེ་ཙི་ཨོ་ཕི་ཡའི་རྒྱུད་ཀྱི་ཡ་ཧུ་ད་པས་ཐག་གཅོད་ཀྱི་མཇུག་འབྲས་དེར་མ་དགའ་བའི་ཚུལ་བསྟན།

ཉེ་བའི་ལོ་འགའི་རིང་ལ། དབྱི་སི་རལ་ནས་ཨེ་ཙི་ཨོ་ཕི་ཡའི་རྒྱུད་ཀྱི་ཡ་ཧུ་ད་པ་ལ་འཇབ་རྒོལ་ཐེབས་པ་དང་ཉེན་རྟོག་པས་མེ་མདས་བརྒྱབ་སྟེ་བསད་པའི་དོན་རྐྱེན་མང་པོ་བྱུང་ཡོད། ད་ལོའི་ཟླ་དང་བོར་ཨེ་ཙི་ཨོ་ཕི་ཡའི་རྒྱུད་ཀྱི་ཡ་ཧུ་ད་པའི་ན་གཞོན་ཞིག་ལ་ཉེན་རྟོག་པས་མེ་མདས་བརྒྱབ་སྟེ་བསད་པས། གཞི་ཁྱོན་ཆེ་བའི་ངོ་རྒོལ་བྱ་འགུལ་བྱུང་།

མིག་སྔར་དབྱི་སི་རལ་ན་ཨེ་ཙི་ཨོ་ཕི་ཡའི་རྒྱུད་ཀྱི་ཡ་ཧུ་ད་པ་འབུམ་གཅིག་དང་ཁྲི་བཞི་ཙམ་ཡོད་ལ། དེས་རྒྱལ་ཡོངས་སྤྱིའི་མི་གྲངས་ཀྱི་གཅིག་དང་གྲངས་ཆུང་ལྔ་ཟིན་ཡོད། བསྒྲགས་པའི་གནས་ཚུལ་ལྟར་ན། ལས་ཞུགས་ཀྱི་ཚད་དང་དབུལ་ཕོངས་ཀྱི་ཚད་སོགས་ཚད་གཞི་མང་པོའི་ཕྱོགས་ནས་བལྟས་ན། མི་ཚོགས་དེ་སྤྱི་ཚོགས་ཀྱི་ཚོགས་པ་གཞན་དག་དང་མངོན་གསལ་གྱིས་རྗེས་སུ་ལུས་ཡོད་པས། དབྱི་སི་རལ་གྱི་ཉམ་ཆུང་ཚོགས་པའི་གྲས་སུ་བརྩིས་ཡོད།།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།