ཀྲུང་གོ་བོད་ཀྱི་དྲ་བ།

ཡོ་རོབ་གླིང་མནའ་འབྲེལ་དང་ཧྥ་རན་སི། འཇར་མན། དབྱིན་ཇི་བཅས་ཀྱིས་དབྱི་ལང་གིས་གར་ཚད་དམའ་བའི་ཡུག་རྫས་བསགས་ཚད་ལས་བརྒལ་བའི་རྣམ་པ་བསྒྱུར་དགོས་པའི་འབོད་སྐུལ་བཏང་།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-07-03
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཡོ་རོབ་གླིང་མནའ་འབྲེལ་གྱི་ཕྱི་འབྲེལ་དང་བདེ་འཇགས་སྲིད་ཇུས་ཀྱི་མཐོ་རིམ་འཐུས་མི་དང་། ཧྥ་རན་སི་དང་འཇར་མན། དབྱིན་ཇི་བཅས་རྒྱལ་ཁབ་གསུམ་གྱི་ཕྱི་འབྲེལ་དཔོན་པོས་ཚེས་གཉིས་ཉིན་གྱི་དགོང་མོར་མཉམ་འབྲེལ་གསལ་བསྒྲགས་སྤེལ་ནས། དབྱི་ལང་གིས་གར་ཚད་དམའ་བའི་ཡུག་རྫས་བསགས་ཚད་ལས་བརྒལ་བའི་རྣམ་པ་བསྒྱུར་དགོས་པའི་འབོད་སྐུལ་བཏང་།

གསལ་བསྒྲགས་ནང་བཤད་རྒྱུར། ཡོ་རོབ་གླིང་མནའ་འབྲེལ་དང་ཧྥ་རན་སི། འཇར་མན། དབྱིན་ཇི་བཅས་རྒྱལ་ཁབ་གསུམ་གྱིས་དབྱི་ལང་གིས་རང་གི་གར་ཚད་དམའ་བའི་ཡུག་རྫས་བསགས་ཚད་ལས་བརྒལ་ཡོད་ཅེས་བསྒྲགས་པ་དེར་སེམས་ཁུར་ཆེན་པོ་བྱེད་བཞིན་ཡོད་པ་དང་། རྒྱལ་སྤྱིའི་ཉིང་རྡུལ་ནུས་པའི་ལས་ཁུངས་ཀྱིས་ཀྱང་དོན་དག་དེར་བདེན་དཔང་བྱས་ཡོད་ཟེར།

གསལ་བསྒྲགས་ནང་ང་ཚོས་དུས་ནམ་ཡིན་རུང་རྒྱུན་འཁྱོངས་བྱེད་བཞིན་པ་དང་གསལ་བོར་བསྟན་ཡོད་པ་ནི། ང་ཚོའི་དབྱི་ལང་ཉིང་རྡུལ་གནད་དོན་གྱི་ཕྱོགས་ཡོངས་ཀྱི་གྲོས་ཆོད་ཐད་ཀྱི་དམ་བཅའ་དེ་ནི་དབྱི་ལང་གིས་གྲོས་ཆོད་དེ་ཡོངས་སུ་བརྩི་སྲུང་བྱེད་པ་ལས་ཐག་གཅོད་ངེས་ཞེས་པ་དེ་ཡིན་ཞེས་བཤད་ཡོད། གསལ་བསྒྲགས་ནང་དུ་དབྱི་ལང་གིས་རྣམ་པ་དེ་བསྒྱུར་ནས་དབྱི་ལང་ཉིང་རྡུལ་གྲོས་ཆོད་ལ་གཏོར་བརླག་བྱེད་པའི་ཚབས་ཇེ་ཆེར་གཏོང་མི་རུང་བའི་འབོད་སྐུལ་བཏང་ཡོད།

དབྱི་ལང་གི་ཕྱི་འབྲེལ་དཔོན་པོ་ཀྲ་ལེ་ཧྥུའུ་ཡིས་ཚེས་གཅིག་ཉིན་དབྱི་ལང་གི་གར་ཚད་དམའ་བའི་ཡུག་རྫས་བསགས་ཚད་སྤྱི་རྒྱ་སུམ་བརྒྱ་ལས་བརྒལ་ཡོད་ཅེས་བསྟན། ཚད་དེ་ནི་དབྱི་ལང་ཉིང་རྡུལ་གྲོས་ཆོད་ལས་དབྱི་ལང་ལ་གར་ཚད་དམའ་བའི་ཡུག་རྫས་གསོག་ཏུ་འཇུག་པའི་ཚད་ཆེས་མཐོན་པོ་རེད། ཀྲ་ལེ་ཧྥུའུ་ཡིས་དབྱི་ལང་གིས་དུས་རིམ་གཉིས་པར་དབྱི་ལང་ཉིང་རྡུལ་གྲོས་ཆོད་ལས་ཕྱིར་འབུད་པའི་བྱ་བ་སྒྲུབ་འགོ་བརྩམས་པ་ཡིན་ཞེས་བཤད། ཁོས་ད་དུང་ཡོ་རོབ་གླིང་གི་རྒྱལ་ཁབ་དག་གིས་དབྱི་ལང་ལ་ཉིང་རྡུལ་གྲོས་ཆོད་ལས་ཁེ་ཕན་ཐོབ་པར་བྱེད་པའི་བྱེད་ཐབས་འདང་ངེས་ཤིག་མ་སྤྱད་པར་སྐྱོན་བརྗོད་བྱས།

ཉིས་སྟོང་བཅོ་ལྔ་ལོའི་ཟླ་བདུན་པར། དབྱི་ལང་གིས་དབྱི་ལང་གནད་དོན་གྱི་རྒྱལ་ཁབ་དྲུག་སྟེ་ཨ་མེ་རི་ཁ་དང་དབྱིན་ཇི། ཧྥ་རན་སི། ཨུ་རུ་སི། ཀྲུང་གོ། འཇར་མན་བཅས་བར་དུ་དབྱི་ལང་ཉིང་རྡུལ་གནད་དོན་གྱི་ཕྱོགས་ཡོངས་ཀྱི་གྲོས་ཆོད་བཀོད། གྲོས་ཆོད་ལྟར་ན་དབྱི་ལང་གིས་རང་གི་ཉིང་རྡུལ་འཆར་གཞི་ལ་ཚོད་འཛིན་བྱ་རྒྱུའི་དམ་བཅས་ཡོད་པ་དང་། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་དབྱི་ལང་ལ་བཀག་སྡོམ་བྱེད་མཚམས་འཇོག་རྒྱུའི་ཁས་བླངས་ཡོད། ཉིས་སྟོང་བཅོ་བརྒྱད་ལོའི་ཟླ་ལྔ་པར། ཨ་མེ་རི་ཁས་དབྱི་ལང་གི་ཉིང་རྡུལ་གྲོས་ཆོད་ལས་ཕྱིར་བུད་པ་ཡིན་ཞེས་བསྒྲགས་པར་མ་ཟད། རིམ་བཞིན་དབྱི་ལང་ལ་བཀག་སྡོམ་བྱས། ད་ལོའི་ཟླ་ལྔ་པའི་ཚེས་གཉིས་ཉིན་ནས་བཟུང་། ཨ་མེ་རི་ཁས་རྒྱལ་ཁབ་དང་ས་ཁུལ་ཁ་ཤས་ཀྱིས་དབྱི་ལང་གི་རྡོ་སྣུམ་ནང་འདྲེན་བྱེད་པར་བཀག་སྡོམ་བྱས་ཏེ། དབྱི་ལང་གི་རྡོ་སྣུམ་ཕྱིར་འདྲེན་པར་ཡོངས་སུ་བཀག་འགོག་བྱས། ཟླ་ལྔ་པའི་ཚེས་གསུམ་ཉིན། ཨ་མེ་རི་ཁས་དབྱི་ལང་གི་ཉིང་རྡུལ་བྱ་འགུལ་ལ་ཚོད་འཛིན་བྱེད་ཚད་ཇེ་དྲག་ཏུ་གཏོང་རྒྱུ་ཡིན་ཞེས་བསྒྲགས། །

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།