ཀྲུང་གོ་བོད་ཀྱི་དྲ་བ།

ཨུ་རུ་སིའི་ཕྱི་འབྲེལ་བློན་ཆེན་གཞོན་པས་ཨུ་རུ་སི་དང་ཨ་མེ་རི་ཁའི་མགོ་ཁྲིད་པའི་གྲོས་མོལ་ནས་འཐབ་ཇུས་གཏན་འཇགས་གནད་དོན་ཐད་ཐུན་མོང་གི་ལྟ་ཚུལ་བཀོད་ཡོད་པའི་ཚུལ་བསྟན།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-07-02
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཨུ་རུ་སིའི་ཕྱི་འབྲེལ་བློན་ཆེན་གཞོན་པ་ལི་ཡཱ་པུའུ་ཁི་ཧྥུའུ་ཡིས་ཟླ་བདུན་པའི་ཚེས་གཅིག་ཉིན་བཤད་རྒྱུར། ཨུ་རུ་སི་དང་ཨ་མེ་རི་ཁའི་མགོ་ཁྲིད་པས་ཉེ་སྔོན་འཇར་པན་གྱི་ཏཱ་པན་ནས་གྲོས་མོལ་བྱེད་སྐབས་འཐབ་ཇུས་གཏན་འཇགས་གནད་དོན་ཐད་ཐུན་མོང་གི་ལྟ་ཚུལ་བཀོད་ཡོད་པ་དང་། ཐེངས་འདིའི་གྲོས་མོལ་ལས་རྒྱལ་ཁབ་གཉིས་ཀྱི་འབྲེལ་བའི་མ་འོངས་པར་སྤྲོ་དགས་ཁེངས་པར་བྱས་ཡོད་ཟེར། 

ལི་ཡཱ་པུའུ་ཁི་ཧྥུའུ་ཡིས་ཨུ་རུ་སིའི་རིག་མཛོད་ཝ་ཨར་ཏའེ་རྒྱལ་སྤྱིའི་དཔྱད་གླེང་རོལ་རྩེད་ཁང་ནས་གཏམ་བཤད་སྤེལ་སྐབས་བཤད་རྒྱུར། ཨུ་རུ་སིའི་ཕྱོགས་ཀྱིས་བྱེ་བྲག་གི་ཁ་ཕྱོགས་སྟེང་ནས་ཨུ་རུ་སི་དང་ཨ་མེ་རི་ཁ་རྒྱལ་ཁབ་གཉིས་ཀྱི་འབྲེལ་བའི་འཕེལ་རྒྱས་ལ་ཡར་སྐུལ་གཏོང་འདོད་ཡོད་པ་དང་། ཨུ་རུ་སི་ཡིས་ཨ་མེ་རི་ཁའི་བར་ངོ་རྒོལ་བྱེད་འདོད་མེད་ལ། ཨུ་རུ་སི་དང་ཨ་མེ་རི་ཁའི་འབྲེལ་བའི་མིག་སྔའི་ཛ་དྲག་གི་གནས་བབ་ཞི་འཇགས་སུ་གཏོང་བའི་ཆེད་དུ་རང་རང་གི་བྱ་བ་བཟང་བོར་བསྒྲུབ་འདོད་ཡོད་ཟེར། 

ལི་ཡཱ་པུའུ་ཁི་ཧྥུའུ་ཡིས་བཤད་རྒྱུར། ཨུ་རུ་སི་དང་ཨ་མེ་རི་ཁའི་མགོ་ཁྲིད་པས་ཏཱ་པན་ནས་གྲོས་མོལ་བྱེད་སྐབས་འཐབ་ཇུས་གཏན་འཇགས་གནད་དོན་ཐད་ནས་ཐུན་མོང་གི་ལྟ་ཚུལ་བཀོད་ཡོད། ཨུ་རུ་སིའི་དམིགས་ཡུལ་ནི་ཉེ་སྔོན་འབྲེལ་ཡོད་གནད་དོན་ཐད་ནས་ཆེད་མཁས་རིམ་པའི་གྲོས་མོལ་སླར་གསོ་བྱེད་རྒྱུ་དེ་ཡིན། ཨུ་རུ་སིའི་ཕྱོགས་ཀྱིས་ཕན་ཚུན་གྱིས་བཀག་འཇུག་བྱས་པའི་མི་སྣ་སྐོར་ཞིག་བརྗེ་སྤོར་བྱེད་པའི་གྲོས་གཞི་བཏོན་ཡོད་པར་མ་ཟད། ཕ་རོལ་བའི་གཞུང་ཚབ་ཁང་ལ་སྔར་ལས་ལྷོད་ཡངས་ཀྱི་བྱ་བའི་ཆ་རྐྱེན་གསར་སྐྲུན་བྱེད་དགོས་པའི་རེ་བ་བཏོན། ཨུ་རུ་སིའི་ཕྱོགས་ཀྱིས་ཨ་མེ་རི་ཁས་ཁྲིམས་འགལ་གྱིས་གཞུང་བཞེས་བྱས་པའི་ཨུ་རུ་སིའི་ཕྱི་འབྲེལ་ས་ཁོངས་བདག་ཁང་ཕྱིར་སྤྲོད་དགོས་པའི་འབོད་སྐུལ་བཏང་། 

ལི་ཡཱ་པུའུ་ཁི་ཧྥུའུ་ཡིས་བསྟན་དོན། ཨུ་རུ་སི་དང་ཨ་མེ་རི་ཁས་ཉོ་ཚོང་མཉམ་ལས་ཀྱི་གྲོས་མོལ་རྐྱེན་སྲོལ་འཛུགས་པའི་ཐད་ནས་གྲུབ་འབྲས་ངེས་ཅན་ཡོད། ཨ་མེ་རི་ཁས་ཨུ་རུ་སི་ལ་བཀག་སྡོམ་བྱེད་ཐབས་སྤྱད་ཡོད་ཀྱང་། ཨ་མེ་རི་ཁའི་ཀུང་ཟི་དང་ཁེ་ལས་པ་དག་གི་ཨུ་རུ་སིའི་ཚོང་རའི་སྤྲོ་བ་ཇེ་དམའ་རུ་སོང་མེད་ཟེར། 

ཨུ་རུ་སིའི་ཙུང་ཐུང་ཕུའུ་ཅིན་དང་ཨ་མེ་རི་ཁའི་ཙུང་ཐུང་ཐི་ལིང་ཕུའུ་ཡིས་ཟླ་དྲུག་པའི་ཚེས་ཉེར་བརྒྱད་ཉིན་རྒྱལ་ཁབ་ཉི་ཤུའི་སྡེ་ཚོགས་ཀྱི་ཏཱ་པན་མཐོ་རིམ་གྲོས་ཚོགས་སྐབས་སུ་གྲོས་མོལ་བྱས་པ་དང་། ཕྱོགས་གཉིས་ཀྱིས་འཐབ་ཇུས་གཏན་འཇགས་དང་ཕྱོགས་གཉིས་ཀྱི་དཔལ་འབྱོར་མཉམ་ལས། རྒྱལ་སྤྱིའི་གནས་བབ་སོགས་གནད་དོན་ལ་གྲོས་བསྡུར་བྱས། །

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།