ཀྲུང་གོ་བོད་ཀྱི་དྲ་བ།

མཉམ་འབྲེལ་རྒྱལ་ཚོགས་ཀྱིས་ཕྱོགས་སོ་སོས་མུ་མཐུད་དུ་དབྱི་ལིང་གི་ཉིང་རྡུལ་ནུས་པའི་གྲོས་མཐུན་ལག་བསྟར་བྱེད་དགོས་པའི་ཚུལ་བསྟན།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-06-28
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཆབ་སྲིད་དང་ཞི་བདེ་སྲུང་སྐྱོབ་ལས་དོན་གྱི་འགན་ཁུར་བའི་དྲུང་ཡིག་ཆེན་མོ་གཞོན་པ་ཏིས་ཁཱ་ལོ་ཡིས་ཚེས་ཉེར་དྲུག་ཉིན་བསྟན་དོན། ཨ་མེ་རི་ཁ་དང་དབྱི་ལིང་རྒྱལ་ཁབ་གཉིས་ཀྱིས་ཉེ་བའི་ལོ་འགའི་རིང་ལ་བྱེད་ཐབས་རབ་དང་རིམ་པ་བཏོན་ས་ཐོབ་པར་དཀའ་བའི་དབྱི་ལིང་གི་ཉིང་རྡུལ་ནུས་པའི་གནད་དོན་གྱི་གྲོས་མཐུན་དེ་འགྲན་རྩོད་ལ་འཕྲད་ཡོད་པས། ཕྱོགས་སོ་སོས་ངེས་པར་དུ་ཆེ་ཕྱོགས་ལ་བསམ་བློ་བཏང་སྟེ་མུ་མཐུད་དུ་དབྱི་ལིང་གི་ཉིང་རྡུལ་ནུས་པའི་གྲོས་མཐུན་ལག་བསྟར་བྱེད་དགོས་ཟེར། 

ཏིས་ཁཱ་ལོ་ཡིས་ཉིན་དེར་སྤེལ་བའི་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་དབྱི་ལིང་གི་ཉིང་རྡུལ་ནུས་པའི་གནད་དོན་གྱི་གྲོས་ཚོགས་སྟེང་བཤད་རྒྱུར། མཚོ་ཁུགས་ས་ཁུལ་གྱི་གནས་བབ་དེ་གནད་འགག་གི་སྐབས་སུ་ཡོད་པ་དང་། འབྲེལ་ཡོད་ཕྱོགས་སོ་སོས་ངེས་པར་དུ་གནས་བབ་སྔར་ལས་ཇེ་སྡུག་ཏུ་འགྲོ་སྲིད་པའི་བྱ་སྤྱོད་སྔོན་འགོག་བྱས་ཤིང་། གྲོས་མོལ་དང་ཕྱི་འབྲེལ་གྱི་ཐབས་ལ་བརྟེན་ནས་འགལ་བ་ཐག་གཅོད་བྱེད་དགོས་ལ། ཚད་མཐོན་པོའི་སྒོ་ནས་རང་ཚོད་བཟུང་སྟེ་ནོར་འཆུག་དང་བློ་ཡུལ་ལས་འགོངས་པའི་དོན་དག་འབྱུང་བར་སྔོན་འགོག་བྱེད་དགོས་ཟེར། 

ཏིས་ཁཱ་ལོ་ཡིས་བཤད་རྒྱུར། དབྱི་ལིང་གི་ཉིང་རྡུལ་ནུས་པའི་གྲོས་མཐུན་ནི་ཕྱོགས་མང་རིང་ལུགས་དང་གྲོས་མོལ་བར་འདུམ་གྱི་ཉིང་བཅུད་ཡིན་པ་དང་། མིག་སྔའི་མཚོ་ཁུགས་གནས་བབ་ཉིན་རེ་བཞིན་ཛ་དྲག་ཏུ་འགྱུར་བའི་གནས་ཚུལ་འོག གྲོས་མཐུན་དེ་ལག་བསྟར་བྱེད་པར་འགན་སྲུང་བྱེད་པ་དེ་ལྷག་ཏུ་གལ་འགངས་ཆེ་བར་མངོན་ཟེར། 

ཏིས་ཁཱ་ལོ་ཡིས་བཤད་རྒྱུར། རྒྱལ་སྤྱིའི་རྡུལ་ཕྲན་ནུས་པའི་ལས་ཁུངས་ཀྱིས་སྙན་ཞུ་གསར་བའི་ཁྲོད་དུ་དབྱི་ལིང་གིས་མུ་མཐུད་དུ་གྲོས་མཐུན་བརྩི་སྲུང་བྱེད་པའི་འབྲེལ་ཡོད་དམ་བཅའ་སྔར་བཞིན་ལག་བསྟར་བྱེད་བཞིན་ཡོད་པར་བཤད་ཀྱང་། དྲུང་ཡིག་ཆེན་མོ་ཀུའུ་ཐི་ལོས་སི་ཡིས་ཨ་མེ་རི་ཁས་ད་ལོའི་ཟླ་ལྔ་བར་དབྱི་ལིང་གི་རྡོ་སྣུམ་ཉོ་ཚོང་གི་གཟིགས་སྐྱོང་མེད་པར་གཏོང་བ་དང་དབྱི་ལིང་གི་ཉིང་རྡུལ་ནུས་པའི་གྲོས་མཐུན་གྱི་སྒྲོམ་གཞིའི་ནང་ཉིང་རྡུལ་ནུས་པའི་རྒྱ་ཡན་དུ་མི་གཏོང་བའི་ལས་གཞི་སྐོར་ཞིག་ལ་གཟིགས་སྐྱོང་མི་བྱེད་པའི་ཆོད་དོན་སྤེལ་བར་སེམས་ཁུར་བྱས།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།