ཀྲུང་གོ་བོད་ཀྱི་དྲ་བ།

ཡོ་རོབ་གླིང་མནའ་འབྲེལ་དང་ཡོ་ནན་གྱིས་ཉོ་ཚོང་དང་དངུལ་གཏོང་གྲོས་ཆོད་འགོད་རྒྱུ་རེད།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-06-26
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཡོ་རོབ་གླིང་མནའ་འབྲེལ་ཨུ་ཡོན་ལྷན་ཁང་གིས་ཚེས་ཉེར་ལྔ་ཉིན་པུའུ་ལུའུ་སེར་ནས་ཁྱབ་སྒྲོག་བྱས་དོན། ཡོ་རོབ་གླིང་མནའ་འབྲེལ་གྱིས་ཡོ་ནན་བར་ཟླ་འདིའི་ཚེས་སུམ་ཅུའི་ཉིན་ཧི་ནེ་ནས་ཉོ་ཚོང་དང་དངུལ་གཏོང་གི་གྲོས་ཆོད་འགོད་རྒྱུ་ཡིན་ཟེར། 

ཕྱོགས་གཉིས་ཀྱིས་མི་འགྱངས་པར་འགོད་རྒྱུ་ཡིན་པའི་ཉོ་ཚོང་གྲོས་ཆོད་ལས་རིམ་བཞིན་ཕྱོགས་གཉིས་ཀྱི་དངོས་ཟོང་ཉོ་ཚོང་ཁྲོད་ཀྱི་བརྒྱ་ཆའི་གོ་དགུའི་སྒོ་ཁྲལ་མེད་པར་གཏོང་རྒྱུ་ཡིན་པ་དང་། དམིགས་བསལ་ལས་རིགས་ཀྱི་ལག་རྩལ་བཀག་རྒྱ་རེ་འགའ་ཇེ་དམའ་རུ་གཏོང་རྒྱུ་རེད། གྲོས་ཆོད་དེ་ལས་ཡོ་རོབ་གླིང་མནའ་འབྲེལ་གྱི་ས་ཁམས་མཚོན་རྟགས་སུ་གྱུར་བའི་ཐོན་རྫས་ལ་སྲུང་སྐྱོབ་བྱེད་པ་དང་། ཡོ་རོབ་གླིང་མནའ་འབྲེལ་གྱི་ཁེ་ལས་དག་ཡོ་ནན་སྲིད་གཞུང་གི་ཉོ་བསྡུའི་ནང་ཞུགས་པ་དང་དེ་ལས་ཡོ་ནན་ཁེ་ལས་བར་གྱི་འདྲ་མཉམ་ཐོབ་ཐང་ལོངས་སུ་སྤྱོད་རྒྱུ་རེད། ཕྱོགས་གཉིས་ཀྱིས་མི་འགྱངས་པར་འགོད་རྒྱུ་ཡིན་པའི་དངུལ་གཏོང་གྲོས་ཆོད་ལ་དངུལ་གཏོང་ཁྲིམས་ཁང་ལམ་ལུགས་སོགས་དངུལ་གཏོང་སྲུང་སྐྱོབ་བྱེད་ཐབས་འདུས་ཡོད། 

ཡོ་རོབ་གླིང་མནའ་འབྲེལ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་རོང་ཁི་ཡིས་ཉིན་དེར་གསལ་སྒྲོག་ཅིག་ལས་བཤད་རྒྱུར། སིང་ག་ཕོར་གྱི་རྗེས་སུ་ཡོ་ནན་བར་གྱི་གྲོས་ཆོད་ནི་ཡོ་རོབ་གླིང་མནའ་འབྲེལ་གྱིས་ཨེ་ཤ་ཡཱ་ཤར་ལྷོའི་རྒྱལ་ཁབ་བར་བཀོད་པའི་གྲོས་ཆོད་གཉིས་པ་ཡིན། དེ་ལས་ཡོ་རོབ་གླིང་མནའ་འབྲེལ་གྱིས་ས་ཁོངས་དེའི་བར་འབྲེལ་འདྲིས་བྱེད་ཚད་སྔར་ལས་ཇེ་མང་དུ་སོང་བ་མཚོན་ཡོད་ཟེར།  །

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།