ཀྲུང་གོ་བོད་ཀྱི་དྲ་བ།

དབྱི་རག་གི་འཇིགས་སྐུལ་ལ་ངོ་རྒོལ་བྱེད་པའི་དམག་དཔུང་གིས་བྱང་ཕྱོགས་ས་ཁུལ་དུ་དབྱི་སི་ལན་རྒྱལ་ཁབ་ཅེས་པའི་ཐལ་སྤྱོད་རྩ་འཛུགས་གཙང་ཕྱགས་བྱེད་པའི་འགུལ་སྐྱོད་སྤེལ།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-06-24
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  དབྱི་རག་དམག་ཕྱོགས་ཀྱིས་ཚེས་ཉེར་གསུམ་ཉིན་བཤད་རྒྱུར། དབྱི་རག་གི་འཇིགས་སྐུལ་རིང་ལུགས་ལ་ངོ་རྒོལ་བྱེད་པའི་དམག་དཔུང་གིས་རྒྱལ་ཁབ་དེའི་བྱང་ཕྱོགས་ས་ཁུལ་དུ་དབྱི་སི་ལན་རྒྱལ་ཁབ་ཅེས་པའི་ཐལ་སྤྱོད་རྩ་འཛུགས་ཀྱི་དྲག་ཆས་པ་ལྷག་འཕྲོར་དམིགས་ཏེ་དུས་ཡུན་ཉིན་གཉིས་རིང་གི་གཙང་ཕྱགས་འགུལ་སྐྱོད་སྤེལ་ཏེ། དབྱི་སི་ལན་རྒྱལ་ཁབ་ཅེས་པའི་ཐལ་སྤྱོད་རྩ་འཛུགས་ཀྱི་ས་ཁུལ་དེའི་མཁོ་སྒྲུབ་ལམ་ཐིག་རྩ་བ་ནས་བཅད། 

དབྱི་རག་མཉམ་འབྲེལ་འགུལ་སྐྱོད་བཀོད་འདོམ་པུའུ་ཡིས་ཚེས་ཉེར་གསུམ་ཉིན་གསལ་སྒྲོག་སྤེལ་ཏེ། དབྱི་རག་གི་འཇིགས་སྐུལ་ལ་ངོ་རྒོལ་བྱེད་པའི་དམག་དཔུང་གིས་ཚེས་ཉེར་གཅིག་ཉིན་ནས་བཟུང་ནེ་ནེ་ཝེ་ཞིང་ཆེན་གྱི་ཧཱ་ཐི་ལཱ་གནའ་མཁར་དང་སཱ་ལཱ་ཧི་ཏེན་ཞིང་ཆེན་གྱི་སེ་ནེ་ཡེ་ས་ཁུལ་བར་གྱི་ཞིང་སྡེའི་ས་ཁུལ་དུ་མཁའ་འབབ་དང་སྔོག་བཤེར་འགུལ་སྐྱོད་ཐེངས་མང་སྤེལ། ཨ་མེ་རི་ཁ་གཙོ་བྱས་པའི་དབྱི་སི་ལན་རྒྱལ་ཁབ་ཅེས་པའི་ཐལ་སྤྱོད་རྩ་འཛུགས་ལ་ཆམ་ཕབ་གཏོང་བའི་རྒྱལ་སྤྱིའི་མནའ་འབྲེལ་ལ་གཞོགས་འདེགས་བྱས་ཏེ། དམིགས་བསལ་གྱི་དམིགས་འབེན་ལ་བར་སྣང་འཇབ་རྒོལ་ཐེངས་བརྒྱད་བྱས་ཟེར། 

གསལ་སྒྲོག་ལས་བཤད་རྒྱུར། གཙང་ཕྱགས་འགུལ་སྐྱོད་ལས་དྲག་ཆས་ཉེས་ཅན་གྱི་ལྷག་འཕྲོ་སྦས་སྐོང་བྱེད་སའི་ས་འོག་ཕུག་ལམ་དང་བྲག་ཁུང་གཏོར་བ་དང་། དབྱི་སི་ལན་རྒྱལ་ཁབ་ཅེས་པའི་ཐལ་སྤྱོད་རྩ་འཛུགས་ཀྱི་ཧཱ་ཐི་ལཱ་དང་སེ་ནེ་ཡེ་བར་གྱི་མཁོ་སྒྲུབ་ལམ་ཐིག་རྩ་བ་ནས་བཅད་ཟེར། གསལ་སྒྲོག་ལས་དྲག་ཆས་ཉེས་ཅན་ག་ཚོད་བསད་ཡོད་པ་གསལ་བོར་བསྒྲགས་མེད། །

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།