ཀྲུང་གོ་བོད་ཀྱི་དྲ་བ།

ཨུ་རུ་སི་ཡིས་ལེ་པཱ་ནུན་སྐབས་གསར་བའི་སི་རི་ཡཱའི་གནད་དོན་གྱི་ཨ་སི་ཐཱ་ནཱའི་གྲོས་མོལ་ལ་ཞུགས་པར་གདན་ཞུ་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-06-21
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ལེ་པཱ་ནུན་དུ་འཚམས་འདྲི་བྱེད་བཞིན་པའི་ཨུ་རུ་སིའི་ཙུང་ཐུང་གི་སི་རི་ཡཱའི་གནད་དོན་གྱི་ཆེད་མངག་ཕོ་ཉ་ལཱ་ཧྥུའུ་ལེན་ཅི་ཡེ་ཧྥུའུ་ཡིས་ཚེས་བཅུ་དགུའི་ཉིན་ལེ་པཱ་ནུན་སྐབས་གསར་བའི་སི་རི་ཡཱའི་གནད་དོན་གྱི་ཨ་སི་ཐཱ་ནཱའི་གྲོས་མོལ་ལ་ཞུགས་པར་གདན་ཞུ་བྱས་པ་དང་། ལེ་པཱ་ནུན་ཕྱོགས་ཀྱིས་གྲོས་མོལ་དེར་ཞུགས་པར་སྤྲོ་བ་ཡོད་པའི་ཚུལ་བསྟན། 

ལཱ་ཧྥུའུ་ལེན་ཅི་ཡེ་ཧྥུའུ་ཡིས་ཉིན་དེར་ལེ་པཱ་ནུན་གྱི་ཙུང་ཐུང་ཨོ་ཨིན་དང་གྲོས་མོལ་བྱེད་སྐབས་གདན་ཞུ་བྱས་པ་རེད། ཁོས་བསྟན་དོན། ལེ་པཱ་ནུན་ཕྱོགས་ཀྱིས་སི་རི་ཡཱའི་ཡུལ་གྱར་བ་ཕྱིར་རྒྱལ་ནང་དུ་ལོག་པའི་གནད་དོན་ལ་སེམས་ཁུར་བྱེད་བཞིན་ཡོད་པ་དང་། དེ་ནི་སྐོར་ཐེངས་གསར་བའི་ཨ་སི་ཐཱ་ནཱའི་གྲོས་མོལ་གྱི་གྲོས་གཞི་གཙོ་བོ་ཡིན་པས། ལེ་པཱ་ནུན་ཕྱོགས་གྲོས་མོལ་དེར་ཞུགས་པའི་དགོས་པ་ཡོད་ཟེར། 

ལེ་པཱ་ནུན་གྱི་ཙུང་ཐུང་བཞུགས་ཤག་གིས་ཉིན་དེར་གསལ་སྒྲོག་སྤེལ་ཏེ། ཨོ་ཨིན་གྱིས་ལེ་པཱ་ནུན་ཕྱོགས་ཨ་སི་ཐཱ་ནཱའི་གྲོས་མོལ་ལ་ཞུགས་པར་སྤྲོ་བ་ཡོད་པའི་ཚུལ་བསྟན་པ་དང་། གྲོས་མོལ་དེ་སི་རི་ཡཱའི་ཉམས་ཉེན་ཐག་གཅོད་བྱེད་པར་ཕན་ཐོགས་ཡོད་ལ། སི་རི་ཡཱའི་ཡུལ་གྱར་བ་ཕྱིར་རང་གི་ཕ་ཡུལ་དུ་ལོག་པར་སྐུལ་འདེད་ཀྱི་ནུས་པ་ཐོན་སྲིད་པར་འདོད་ཡོད། 

ལཱ་ཧྥུའུ་ལེན་ཅི་ཡེ་ཧྥུའུ་ཡིས་ཉིན་དེའི་དགོང་མོར་སོ་སོར་ལེ་པཱ་ནུན་གྱི་ཙུང་ལི་ཧཱ་ལི་ལི་དང་ཕྱི་འབྲེལ་བློན་ཆེན་པཱ་ཞི་ལེ་གཉིས་དང་གྲོས་མོལ་བྱེད་སྐབས་བསྟན་དོན། ཨུ་རུ་སིའི་ཕྱོགས་ཀྱིས་སི་རི་ཡཱའི་ཡུལ་གྱར་བ་ཕྱིར་ཕ་ཡུལ་དུ་ལོག་པར་རོགས་རམ་བྱེད་པའི་ཐད་འབད་འབུངས་བྱེད་རྒྱུ་ཡིན་ཟེར།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།