ཀྲུང་གོ་བོད་ཀྱི་དྲ་བ།

ཝུའུ་ཁི་ལན་གནད་དོན་གྱི་ཕྱོགས་གསུམ་འབྲེལ་གཏུག་ཚན་ཆུང་གི་གྲོས་ཚོགས་ནས་འབྲུ་རིགས་བསྡུ་བའི་དུས་ཚིགས་སུ་འཁྲུག་རྩོད་མཚམས་འཇོག་པའི་གནད་དོན་ལ་གྲོས་འཆམ་མ་བྱུང་།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-06-20
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཝུའུ་ཁི་ལན་གནད་དོན་གྱི་ཕྱོགས་གསུམ་འབྲེལ་གཏུག་ཚན་ཆུང་གིས་ཚེས་བཅུ་དགུའི་ཉིན་ཨུ་རུ་སི་དཀར་པོའི་རྒྱལ་ས་མེན་སི་ཁི་ནས་རྒྱུན་ལྡན་གྱི་གྲོས་ཚོགས་བསྡུས་ཀྱང་། གྲོས་ཚོགས་ལ་ཞུགས་པའི་ཕྱོགས་ཁག་སོ་སོས་འབྲུ་རིགས་བསྡུ་བའི་དུས་ཚིགས་སུ་འཁྲུག་རྩོད་མཚམས་འཇོག་པའི་གནད་དོན་ལ་གྲོས་འཆམ་མ་བྱུང་། 

ཡོ་རོབ་གླིང་བདེ་འཇགས་མཉམ་ལས་རྩ་འཛུགས་ཀྱི་དམིགས་བསལ་འཐུས་མི་སཱ་དབྱེ་ཏིས་ཁི་ཡིས་གྲོས་མོལ་བྱས་རྗེས་སྤེལ་བའི་གསར་འགྱུར་སྒྲོག་སྤེལ་ཚོགས་འདུའི་སྟེང་བཤད་རྒྱུར། གཟའ་འཁོར་གཉིས་ཀྱི་ཡར་སྔོན་དུ་ཝུའུ་ཁི་ལན་ཤར་ཕྱོགས་ས་ཁུལ་གྱི་འཁྲུག་རྩོད་ཕྱོགས་ཁག་སོ་སོའི་ལུའུ་ཀན་སི་ཁི་ཀྲིག་གི་འཁྲུག་རྩོད་མང་དུ་འབྱུང་སའི་གྲོང་སྡེ་ཞིག་ནས་དམག་མི་ཕྱིར་འཐེན་བྱེད་འདོད་ཡོད་པའི་ཚུལ་བསྟན་ཡང་། ས་དེར་འཁྲུག་རྩོད་དང་འགལ་བའི་གནས་ཚུལ་བྱུང་བའི་དབང་གིས་དམག་མི་ཕྱིར་འཐེན་བྱེད་མ་ཐུབ་པ་རེད། ཁོས་བལྟས་ན། ཕྱོགས་སོ་སོར་དམག་མི་ཕྱིར་འཐེན་བྱེད་པའི་རེ་འདུན་ཡོད་པ་བདེན་ཡང་མིག་སྔར་དམག་མི་ཕྱིར་འཐེན་བྱེད་པའི་བྱེ་བྲག་གི་དུས་ཚོད་ཁྱབ་སྒྲོག་བྱེད་ཐབས་མེད་ཟེར། 

སཱ་དབྱེ་ཏིས་ཁི་ཡིས་བཤད་རྒྱུར། འབྲུ་རིགས་བསྡུ་བའི་དུས་ཚིགས་སུ་འཁྲུག་རྩོད་མཚམས་འཇོག་པའི་གནད་དོན་ཐད་ནས་ཀྱང་དེ་དང་འདྲ་བའི་གནས་ཚུལ་བྱུང་། ཕྱོགས་སོ་སོར་འཁྲུག་རྩོད་མཚམས་འཇོག་པའི་རེ་འདུན་མངོན་གསལ་ཡོད་ཀྱང་། འཁྲུག་རྩོད་མཚམས་འཇོག་པའི་མཉམ་འབྲེལ་གསལ་སྒྲོག་ལ་གྲོས་མཐུན་འགོད་ཐུབ་མེད། ཁོས་བཤད་རྒྱུར། འཁྲུག་རྩོད་མཚམས་འཇོག་པ་དང་མི་ཆོས་རིང་ལུགས་ཀྱི་ས་འོག་འགད་རྫས་གཙང་སེལ་བྱེད་པ་དེ་འཁྲུག་རྩོད་ས་ཁུལ་གྱི་མང་ཚོགས་ལ་མཚོན་ན་གལ་འགངས་ཧ་ཅང་ཆེ་བས། ཕྱོགས་སོ་སོས་ཕྱོགས་གསུམ་འབྲེལ་གཏུག་ཚན་ཆུང་གི་ཐེངས་རྗེས་མའི་གྲོས་མོལ་སྐབས་དང་ཡང་ན་དེའི་སྔོན་ལ་འཁྲུག་རྩོད་མཚམས་འཇོག་པའི་གྲོས་མཐུན་འགོད་པར་རེ་བ་བྱས་ཡོད་ཟེར། 

སཱ་དབྱེ་ཏིས་ཁི་ཡིས་མཚམས་སྦྱོར་བྱས་དོན། ཉིན་དེར་ཕྱོགས་གསུམ་འབྲེལ་གཏུག་ཚན་ཆུང་བདེ་འཇགས་བྱ་བའི་ཚན་ཆུང་གིས་གཙོ་བོར་འཁྲུག་རྩོད་མཚམས་འཇོག་པའི་གནད་དོན་ལ་གྲོས་བསྡུར་བྱས་པ་དང་། བྱ་བའི་ཚན་ཆུང་གཞན་པས་གཙོ་བོ་ཝུའུ་ཁི་ལན་ཤར་ཕྱོགས་ས་ཁུལ་གྱི་ཆུའི་མཁོ་འདོན་དང་བཟུང་མི་བརྗེ་སྤོར། གར་སོང་མ་རྙེད་པའི་མི་སྣའི་འཚོལ་ཞིབ། ཞིབ་བཤེར་ས་ཚིགས་སོ་སོའི་བགྲོད་ཆོག་ཆ་རྐྱེན་སོགས་གནད་དོན་ལ་གྲོས་བསྡུར་བྱས་ཡོད་པ་རེད། 

སཱ་དབྱེ་ཏིས་ཁི་ཡིས་གསར་འགྱུར་ལས་རིགས་ཀྱི་སྨྱན་བྱད་ལ་ལན་འདེབས་སྐབས་བཤད་རྒྱུར། ཙེ་ལིན་སི་ཅི་ཝུའུ་ཁི་ལན་གྱི་ཙུང་ཐུང་དུ་བདམས་རྗེས་ཕྱོགས་གསུམ་འབྲེལ་གཏུག་ཚན་ཆུང་གི་གྲོས་མོལ་སྣང་ཚུལ་སྔར་ལས་ཇེ་ལེགས་སུ་སོང་ཡོད་ཟེར།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།