ཀྲུང་གོ་བོད་ཀྱི་དྲ་བ།

སོ་མཱ་ལིའི་རྒྱལ་ས་རུ་རླངས་འཁོར་འགས་གཏོར་དོན་རྐྱེན་བྱུང་སྟེ་མི་བཅུ་རྐྱེན་ལམ་དུ་ཤོར་བ་དང་མི་ཉེར་དྲུག་ལ་རྨས་ཕོག

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-06-16
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། སོ་མཱ་ལིའི་ཉེན་རྟོག་ཕྱོགས་ཀྱིས་ཚེས་བཅོ་ལྔ་ཉིན་བཤད་རྒྱུར། སོ་མཱ་ལིའི་རྒྱལ་ས་མའོ་ཅཱ་ཏིས་ཧྲ་ནས་ཉིན་དེར་རླངས་འཁོར་འགས་གཏོར་དོན་རྐྱེན་ཐེངས་གཉིས་བྱུང་སྟེ། འཇབ་རྒོལ་མཁན་དང་བཅས་པའི་མི་བཅུ་རྐྱེན་ལམ་དུ་ཤོར་བ་དང་། མི་ཉེར་དྲུག་ལ་རྨས་ཕོག་ཟེར།

སོ་མཱ་ལིའི་ཉེན་རྟོག་དམག་དཔུང་གི་བཀོད་འདོམ་དཔོན་པོ་མུའུ་ཧན་མའོ་ཏི་ཡིས་གསར་འགོད་པར་བཤད་རྒྱུར། འགད་རྫས་ཡོད་པའི་རླངས་འཁོར་ཞིག་ཉིན་དེར་སོ་མཱ་ལིའི་གྲོས་ཁང་གི་ཐོག་ཁང་ཆེན་མོའི་ཉེ་འདབས་ཀྱི་བདེ་འཇགས་ཞིབ་བཤེར་ས་ཚིགས་ཤིག་ནས་འགས་གཏོར་བྱུང་སྟེ། མི་དགུ་རྐྱེན་ལམ་དུ་ཤོར་བ་དང་། མི་ཉེར་ལྔ་རྨས་ཕོག་ཟེར།

ཁོས་བཤད་རྒྱུར། མའོ་ཅཱ་ཏིས་ཧྲ་ནས་གནམ་གྲུ་ཐང་དུ་བགྲོད་པའི་གཞུང་ལམ་སྟེང་གི་བདེ་འཇགས་ཞིབ་བཤེར་ས་ཚིགས་ཤིག་ལ་ཉིན་དེར་རླངས་འཁོར་འགས་གཏོར་འཇབ་རྒོལ་དོན་རྐྱེན་གཞན་ཞིག་བྱུང་། འཇབ་རྒོལ་མཁན་གྱི་རླངས་འཁོར་ཁ་ལོ་བ་ཤི་བ་དང་དེའི་གྲོགས་པོ་ཞིག་ལ་རྨས་ཕོག་རྗེས་ཉེན་རྟོག་པས་འཛིན་བཟུང་བྱས་ཟེར།

འགས་གཏོར་བྱུང་རྗེས། སོ་མཱ་ལིའི་བདེ་འཇགས་དམག་དཔུང་གིས་མའོ་ཅཱ་ཏིས་ཧྲ་ཡི་གཞུང་ལམ་གཙོ་བོ་འགས་བཀག་སྡོམ་བྱས་ཏེ། དྲག་ཆས་ཉེས་ཅན་གྱིས་ཡང་བསྐྱར་འཇབ་རྒོལ་དོན་རྐྱེན་བཟོ་བར་སྔོན་འགོག་བྱས།

སོ་མཱ་ལིའི་ན་གཞོན་ཏང་གིས་རླངས་འཁོར་འགས་གཏོར་དོན་རྐྱེན་དེ་གཉིས་བཟོས་པ་ཁྱབ་སྒྲོག་བྱས། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།