ཀྲུང་གོ་བོད་ཀྱི་དྲ་བ།

ཨ་མན་མཚོ་ཁུགས་ནས་སྣུམ་འདྲུད་གྲུ་གཟིངས་ལ་འཇབ་རྒོལ་ཐེབས་པའི་དོན་རྐྱེན་ནི་སྣེ་མང་འདྲེས་འཛིང་དཔྱད་དཀའ་བ་ཞིག་ཡིན་པ་དང་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་མཚོ་ཁུགས་ཀྱི་ཛ་དྲག་གནས་བབ་ཞི་འཇགས་སུ་གཏོང་དགོས་པའི་འབོད་སྐུལ་བཏང་།

    སྤེལ་དུས། : 2019-06-15
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  སྣུམ་འདྲུད་གྲུ་གཟིངས་གཉིས་ལ་ཚེས་བཅུ་གསུམ་ཉིན་ཨ་མན་མཚོ་ཁུགས་ནས་འཇབ་རྒོལ་ཐེབས་ཏེ་འགས་གཏོར་བྱུང་བར་མ་ཟད་མེ་སྐྱོན་ཆེན་པོ་བྱུང་། དོན་རྐྱེན་དེ་ནི་སྣེ་མང་འདྲེས་འཛིང་དཔྱད་དཀའ་བ་ཞིག་ཡིན་པར་མངོན། ཨ་མེ་རི་ཁས་དབྱི་ལིང་གིས་འཇབ་རྒོལ་དོན་རྐྱེན་དེ་བཟོས་པར་སྐྱོན་འཛུགས་བྱས་པ་དང་། དབྱི་ལིང་གིས་ཨ་མེ་རི་ཁའི་སྐྱོན་འཛུགས་དེར་གཞི་འཛིན་ས་ཅི་ཡང་མེད་པའི་ཚུལ་བསྟན། མཉམ་འབྲེལ་རྒྱལ་ཚོགས་དང་རྒྱལ་ཁབ་རེ་འགའ་ཡིས་ཉེན་བརྡ་བཏང་སྟེ། འཛམ་གླིང་གིས་མཚོ་ཁུགས་ཨ་ཁུལ་དུ་འགལ་བ་ཆེན་པོ་འབྱུང་བ་ཐེག་ཐབས་མེད་པས། འབྲེལ་ཡོད་ཕྱོགས་སོ་སོས་ཛ་དྲག་གི་གནས་བབ་ཞི་འཇགས་སུ་གཏོང་བར་བརྩོན་དགོས་པའི་འབོད་སྐུལ་བཏང་། 

ཨ་མེ་རི་ཁའི་རྒྱལ་སྲིད་བློན་ཆེན་ཕིན་ཕའེ་ཨོ་ཡིས་ཚེས་བཅུ་གསུམ་ཉིན་ཨ་མེ་རི་ཁའི་རྒྱལ་སྲིད་སྤྱི་ཁྱབ་ཁང་ནས་གསར་འགོད་པར་བསྟན་དོན། ཨ་མེ་རི་ཁའི་སྲིད་གཞུང་གིས་དཔྱད་འཇོག་བྱས་ཏེ་དབྱི་ལིང་གིས་སྣུམ་འདྲུད་གྲུ་གཟིངས་གཉིས་ལ་འཇབ་རྒོལ་ཐེབས་པའི་དོན་རྐྱེན་དེར་འགན་ཁུར་དགོས་པར་ངོས་འཛིན་བྱས་ཡོད། ཨ་མེ་རི་ཁས་ཆོད་དོན་དེ་འདྲ་སྤེལ་བ་ནི་ཨ་མེ་རི་ཁར་འབྱོར་བའི་གསང་འཕྲིན་དང་འཇབ་རྒོལ་ཁྲོད་བཀོལ་བའི་མཚོན་ཆ། འཇབ་རྒོལ་ཐད་མཁོ་བའི་ཆེད་ལས་ལག་རྩལ། ཉེ་སྔོན་དབྱི་ལིང་གིས་མཚོ་འགྲུལ་ཐད་རིགས་མཐུན་གྱི་དཔུང་འཇུག་བྱ་སྤྱོད་དེ་འདྲ་སྤེལ་བཞིན་ཡོད་པ་སོགས་རྒྱུ་རྐྱེན་དག་རྨང་གཞིར་བྱས་པ་ཡིན་ཟེར་ཡང་། ཕིན་ཕའེ་ཨོ་ཡིས་བྱེ་བྲག་གི་བདེན་དཔང་གསལ་བོར་བསྒྲགས་མེད། 

དབྱི་ལིང་གི་ཕྱི་འབྲེལ་བློན་ཆེན་ཀྲ་ལི་ཧྥུའུ་ཡིས་ཚེས་བཅུ་བཞིའི་ཉིན་བཤད་རྒྱུར། ཨ་མེ་རི་ཁས་དབྱི་ལིང་ལ་དམིགས་པའི་སྐྱོན་འཛུགས་དེར་གཞི་འཛིན་ས་ཅི་ཡང་མེད་པ་དང་། དམིགས་ཡུལ་ནི་དབྱི་ལིང་ལ་མ་ཉེས་ཁ་གཡོག་ཐེབས་སུ་འཇུག་པའི་ཆེད་རེད་ཟེར། 

མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོ་ཀུའུ་ཐི་ལོས་སི་ཡིས་ཨ་མན་མཚོ་ཁུགས་ནས་བྱུང་བའི་སྣུམ་འདྲུད་གྲུ་གཟིངས་ལ་འཇབ་རྒོལ་ཐེབས་པའི་དོན་རྐྱེན་ལ་རྒོལ་གཏམ་དྲག་པོ་བཏང་། ཁོས་མཉམ་འབྲེལ་རྒྱལ་ཚོགས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱིས་ཚེས་བཅུ་གསུམ་ཉིན་སྤེལ་བའི་མཉམ་འབྲེལ་རྒྱལ་ཚོགས་དང་ས་ཁོངས་རྩ་འཛུགས་བར་གྱི་མཉམ་ལས་ཏེ། ཨ་རབ་རྒྱལ་ཁབ་མནའ་འབྲེལ་ཞེས་པའི་ཚོགས་འདུའི་སྟེང་བཤད་རྒྱུར། ང་རང་གིས་དམངས་སྤྱོད་གྲུ་གཟིངས་གང་རུང་ལ་དམིགས་པའི་འཇབ་རྒོལ་དོན་རྐྱེན་ལ་རྒོལ་གཏམ་དྲག་པོ་གཏོང་བཞིན་ཡོད་པ་དང་། ངེས་པར་དུ་དོན་དངོས་ལ་རྩད་གཅོད་ནན་མོ་བྱས་ཏེ་འགན་འཁྲི་གསལ་བོ་བྱེད་དགོས་ཟེར། ཁོས་བསྟན་དོན། འཛམ་གླིང་གིས་མཚོ་ཁུགས་ས་ཁུལ་དུ་འགལ་བ་ཆེན་པོ་འབྱུང་བའི་འཇིགས་ཉེན་ཐེག་ཐབས་མེད་ཟེར། 

ཁཱ་ཐར་ཕྱི་འབྲེལ་པུའུ་ཡིས་ཚེས་བཅུ་གསུམ་ཉིན་གྱི་དགོང་མོར་གསལ་སྒྲོག་སྤེལ་ཏེ། ཨ་མན་མཚོ་ཁུགས་ནས་བྱུང་བའི་སྣུམ་འདྲུད་གྲུ་གཟིངས་ལ་འཇབ་རྒོལ་ཐེབས་པའི་དོན་རྐྱེན་ལ་རྒོལ་གཏམ་བཏང་། གསལ་སྒྲོག་ལས་ཐེངས་འདིའི་འཇབ་རྒོལ་དོན་རྐྱེན་ལས་མཚོ་ཁུགས་དང་ཐ་ན་དབུས་ཤར་ས་ཁུལ་གྱི་བདེ་འཇགས་ལ་གནོད་པ་བཟོས་ཡོད་པར་མ་ཟད། རྒྱལ་སྤྱིའི་ཉོ་ཚོང་བདེ་འཇགས་ལ་འཇིགས་ཉེན་ཐེབས་ཡོད་པའི་ཉེན་བརྡ་བཏང་། གསལ་སྒྲོག་ལས་ཕྱོགས་སོ་སོས་རང་ཚོད་བཟུང་ནས་གང་མགྱོགས་སྒོས་རྒྱལ་སྤྱིའི་བྲེལ་མྱུར་རྟོག་ཞིབ་བྱས་ཏེ་དོན་དངོས་ལ་རྩད་གཅོད་ནན་མོ་བྱེད་དགོས་པའི་འབོད་སྐུལ་བཏང་། 

ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་ཀྱི་ཕྱི་འབྲེལ་བློན་ཆེན་ཅཱ་ཨར་ཅཱ་ཧྲི་ཡིས་ཚེས་བཅུ་བཞིའི་ཉིན་བཤད་རྒྱུར། ཨ་མན་མཚོ་ཁུགས་སུ་བྱུང་བའི་སྣུམ་འདྲུད་གྲུ་གཟིངས་ལ་འཇབ་རྒོལ་ཐེབས་པའི་དོན་རྐྱེན་དེར་ཕྱོགས་སོ་སོས་སེམས་ཁུར་བྱེད་བཞིན་ཡོད་པ་དང་། མིག་སྔར་མཚོ་ཁུགས་ཀྱི་བདེ་འཇགས་གནས་བབ་སྔར་ལས་ཛ་དྲག་ཏུ་གྱུར་ཡོད་ཟེར། ཁོས་འབྲེལ་ཡོད་ཕྱོགས་སོ་སོས་ཉམས་ཉེན་ཐག་གཅོད་བྱེད་པའི་བློ་གྲོས་མངོན་པར་བྱས་ཤིང་། ཐུན་མོང་འགན་འཁྲི་ཁུར་དུ་བླངས་ནས། ཛ་དྲག་གི་གནས་བབ་དེ་སྔར་ལས་ཚབས་ཆེན་དུ་འགྱུར་བར་སྔོན་འགོག་བྱེད་དགོས་པའི་འབོད་སྐུལ་བཏང་། 

འཇར་མན་གྱི་ཕྱི་འབྲེལ་བློན་ཆེན་མཱ་སི་ཡིས་ཚེས་བཅུ་གསུམ་ཉིན་བསྟན་དོན། དོན་རྐྱེན་དེར་ཀུན་གྱིས་སེམས་ཁུར་བྱེད་བཞིན་ཡོད། མིག་སྔར་མཚོ་ཁུགས་ས་ཁུལ་གྱི་གནས་བབ་ཧ་ཅང་ཛ་དྲག་ཏུ་གྱུར་ཡོད་པས། དོན་རྐྱེན་དེ་ལས་ས་ཁུལ་གྱི་གནས་བབ་སྔར་ལས་ཛ་དྲག་ཏུ་གཏོང་སྲིད་ཟེར། ཁོས་འབྲེལ་ཡོད་ཕྱོགས་སོ་སོས་གནས་བབ་ཞི་འཇགས་སུ་གཏོང་བའི་ཐད་བྱས་རྗེས་འཇོག་དགོས་པའི་འབོད་སྐུལ་བཏང་།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།