ཀྲུང་གོ་བོད་ཀྱི་དྲ་བ།

ཡེ་མིན་ལྷོ་ཕྱོགས་ཀྱི་སྣུམ་འདྲེན་སྦུག་ལམ་ཁག་ཅིག་ལ་འཇབ་རྒོལ་ཁྲོད་གཏོར་བརླག་ཐེབས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-06-12
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཡེ་མིན་བདེ་འཇགས་སྡེ་ཁག་གི་དཔོན་པོས་ཚེས་བཅུ་གཅིག་ཉིན་བཤད་རྒྱུར། ཡེ་མིན་ལྷོ་ཕྱོགས་ཀྱི་ཧྲི་པུའུ་བོ་ཞིང་ཆེན་གྱི་སྣུམ་འདྲེན་སྦུག་ལམ་ཡོད་སའི་གནས་ཤིག་ལ་ཉིན་དེར་དྲག་ཆས་ཉེས་ཅན་གྱི་འཇབ་རྒོལ་ཐེབས་ཏེ། སྦུག་ལམ་ཁག་ཅིག་ལ་གཏོར་བརླག་ཐེབས་ཡོད་ཟེར། 

མིང་བཤད་མི་འདོད་པའི་ཡེ་མིན་བདེ་འཇགས་སྡེ་ཁག་གི་དཔོན་པོ་ཞིག་གིས་བཤད་རྒྱུར། ཐོབ་ཐང་གསལ་བོར་མི་ཤེས་པའི་དྲག་ཆས་ཉེས་ཅན་གྱིས་ཉིན་དེར་འགས་གཏོར་སྒྲིག་ཆས་བཀོལ་ནས་ཧྲི་པུའུ་བོ་ཞིང་ཆེན་ཤར་ལྷོའི་ཕྱོགས་ཀྱི་སྣུམ་འདྲེན་སྦུག་ལམ་གཅིག་ལ་འཇབ་རྒོལ་བྱས་པ་དང་། འགས་གཏོར་དྲག་པོ་བྱུང་བ་ལས་སྦུག་ལམ་ཁག་ཅིག་ལ་གཏོར་བརླག་ཐེབས་ཡོད་ཟེར། 

ཡེ་མིན་རྡོ་སྣུམ་སྡེ་ཁག་གི་འབྲེལ་ཡོད་མི་སྣས་བཤད་རྒྱུར། དོན་རྐྱེན་མ་བྱུང་གོང་ཉིན་རེར་མ་བཅོས་རྡོ་སྣུམ་ཟོ་ཁྲི་གཅིག་དང་སྟོང་ལྔ་ནས་ཁྲི་གཅིག་དང་སྟོང་བདུན་སྦུག་ལམ་དེ་བརྒྱུད་ནས་ཧྲི་པུའུ་བོ་ཞིང་ཆེན་བྱང་ཤར་ཕྱོགས་ཀྱི་སྣུམ་ཞིང་ནས་ཞིང་ཆེན་དེའི་ལྷོ་ཕྱོགས་གྲུ་ཁར་དྲངས་ནས་ཕྱིར་གཏོང་བྱེད་བཞིན་ཡོད་པ་རེད། འཇབ་རྒོལ་དོན་རྐྱེན་བྱུང་རྗེས་སྣུམ་འདྲེན་སྦུག་ལམ་དེའི་སྒོ་བརྒྱབ་པ་རེད། 

མིག་སྔར་རྩ་འཛུགས་གང་རུང་གིས་འཇབ་རྒོལ་དོན་རྐྱེན་དེ་བཟོས་པ་ཁས་ལེན་བྱས་མེད། གོང་སྨྲས་ཀྱི་བདེ་འཇགས་སྡེ་ཁག་གི་དཔོན་རིགས་ཀྱིས་བལྟས་ན། ཐེངས་འདིའི་འཇབ་རྒོལ་དོན་རྐྱེན་དེ་ནི་རྟེན་གཞི་རྩ་འཛུགས་ཨ་རབ་ཕྱེད་གླིང་ཡན་ལག་རུ་ཁག་གིས་སྤེལ་བ་ཡིན་སྲིད་པར་འདོད།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།