ཀྲུང་གོ་བོད་ཀྱི་དྲ་བ།

ཝུ་ཀན་ཏཱའི་ཤར་ཕྱོགས་ས་ཁུལ་དུ་རི་ཉིལ་ནས་མི་དྲུག་རྐྱེན་ལམ་དུ་ཤོར།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-06-06
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཝུ་ཀན་ཏཱའི་ཉེན་རྟོག་ཕྱོགས་ཀྱིས་ཚེས་ལྔ་ཉིན་བཤད་རྒྱུར། རྒྱལ་ཁབ་དེའི་ཤར་ཕྱོགས་ཀྱི་པུའུ་ཏུའུ་ཏཱ་ས་ཁུལ་དུ་ཚེས་བཞིའི་ཉིན་རི་ཉིལ་བའི་དོན་རྐྱེན་བྱུང་སྟེ། མི་དྲུག་རྐྱེན་ལམ་དུ་ཤོར་བ་དང་། གཞན་ཡང་མི་དགུ་སྨན་ཁང་དུ་བསྡད་དེ་གསོ་བཅོས་བྱེད་བཞིན་ཡོད་ཟེར། 

པུའུ་ཏུའུ་ཏཱ་ས་ཁུལ་གྱི་ཉེན་རྟོག་ཅུའུ་ཀྲང་ཨ་ཅཱ་པཱ་ཡིས་ཚེས་ལྔ་ཉིན་གྱི་སྔ་དྲོར་གསར་འགོད་པར་བཤད་རྒྱུར། ཐེངས་འདིའི་རི་ཉིལ་བའི་དོན་རྐྱེན་ལས་པུའུ་ཝ་ཨ་ལི་དང་པུའུ་ཁཱ་ལཱ་ཞི། པུའུ་པུས་ཐཱ་བཅས་རྫོང་ཁག་གསུམ་ལ་ཤུགས་རྐྱེན་ཐེབས་ཡོད་ཟེར། 

ཨ་ཅཱ་པཱ་ཡིས་བཤད་རྒྱུར། པུའུ་ཝ་ཨ་ལི་དང་པུའུ་པུས་ཐཱ་རྫོང་ནས་བསྡོམས་པས་ཁྱིམ་ཚང་སུམ་ཅུ་ལྷག་ལ་ཤུགས་རྐྱེན་ཐེབས་ཡོད་དང་། མིག་སྔར་ང་ཚོས་ད་རུང་པུའུ་ཁཱ་ལཱ་ཞི་རྫོང་གི་གནས་ཚུལ་ལ་དཔྱད་འཇོག་བྱས་མེད། རྒུད་སྐྱོབ་མི་སྣས་དངོས་ཡུལ་སུ་རྒུད་སྐྱོབ་ཚན་ཆུང་རྩ་འཛུགས་བྱས་ཏེ། ནུས་པ་གང་ཡོད་ཀྱིས་གནོད་ཐེབས་སྡོད་དམངས་དག་ལ་རོགས་རམ་བྱེད་བཞིན་ཡོད་ཟེར། 

ཁོས་མིག་སྔར་གནས་བབ་ཛ་དྲག་ཡིན་པ་དང་། གལ་ཏེ་མུ་མཐུད་དུ་ཆར་བ་བབས་ན། དེ་ལས་ཀྱང་ཆེ་བའི་གནོད་འཚེ་འབྱུང་སྲིད་པའི་ཉེན་བརྡ་བཏང་། 

ཝུ་ཀན་ཏཱའི་རྒྱ་གྲམ་དམར་པོ་ཚོགས་པས་ཚེས་ལྔ་ཉིན་གྱི་སྔ་དྲོར་བསྒྲགས་པ་ལྟར་ན། པུའུ་ཏུའུ་ཏཱ་ས་ཁུལ་དུ་ཚེས་བཞི་ཉིན་གྱི་དྲག་ཆར་ལས་རི་ཉིལ་བའི་དོན་རྐྱེན་བྱུང་བ་དང་།  གནས་ཚུལ་རྒྱུས་ལོན་རགས་ཙམ་བྱུང་བ་ལྟར་ན། ཧ་ལམ་ཁང་བ་བརྒྱ་དང་ལྔ་བཅུར་གཏོར་བརླག་ཐེབས་པ་དང་། མི་ལྔ་རྐྱེན་ལམ་དུ་ཤོར་བའི་ཉེན་ཁ་ཡོད་ལ། ཧ་ལམ་མི་ལྔ་བཅུ་ཙམ་གར་སོང་རྙེད་མེད་ཟེར།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།