ཀྲུང་གོ་བོད་ཀྱི་དྲ་བ།

ཀུའུ་ཐི་ལོས་སི་ཡིས་ད་ལོའི་ཟླ་བརྒྱད་པར་མཉམ་འབྲེལ་རྒྱལ་ཚོགས་ཀྱི་དངུལ་རྐྱང་འཛད་སྲིད་པའི་ཚུལ་བསྟན།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-06-06
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོ་ཀུའུ་ཐི་ལོས་སི་ཡིས་ཚེས་བཞིའི་ཉིན་བསྟན་དོན། ད་ལོའི་ཟླ་བརྒྱད་པའི་བར་མཉམ་འབྲེལ་རྒྱལ་ཚོགས་ཀྱི་དངུལ་རྐྱང་འཛད་དེ། འཁོར་བསྐྱོད་ཐེབས་རྩ་ལས་དངུལ་བསྐྱི་དགོས་ཟེར། 

ཀུའུ་ཐི་ལོས་སི་ཡིས་ཉིན་དེར་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཨུ་ཡོན་ལྷན་ཁང་ལྔ་བས་བསྡུས་པའི་གྲོས་ཚོགས་སྟེང་བཤད་རྒྱུར། འདས་པའི་ལོ་འགའི་ནང་། མཉམ་འབྲེལ་རྒྱལ་ཚོགས་ཀྱི་ནོར་སྲིད་གནས་ཚུལ་ཉིན་རེ་བཞིན་ཇེ་སྡུག་ཏུ་སོང་བ་དང་། དེའི་རྒྱུ་རྐྱེན་གཙོ་བོ་ཞིག་ནི་ཁོངས་གཏོགས་རྒྱལ་ཁབ་དག་གི་ཆད་དངུལ་ཇེ་མང་དུ་སོང་བས་རེད་ཟེར། 

ཁོས་མཚམས་སྦྱོར་བྱས་པ་ལྟར་ན། ཉིས་སྟོང་བཅོ་བརྒྱད་ལོའི་ལོ་མཇུག་བར་དུ། ཁོངས་གཏོགས་རྒྱལ་ཁབ་དག་གིས་ཚོགས་པའི་གྲོན་དངུལ་མེ་སྒོར་དུང་ཕྱུར་ལྔ་དང་བྱེ་བ་གཉིས་ས་ཡ་དགུ་ཆད་ཡོད་པ་དང་། ཧ་ལམ་ལོ་དེའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་རྒྱུན་ལྡན་སྔོན་རྩིས་ཀྱི་བརྒྱ་ཆའི་ཉི་ཤུའི་ཡན་ཟིན་ཡོད། ད་ལོར་མིག་སྔའི་བར་དུ་མེ་སྒོར་དུང་ཕྱུར་བཞི་དང་བྱེ་བ་དགུ་ས་ཡ་གཉིས་སྔར་བཞིན་ཆད་ཡོད་པ་རེད། 

ཁོས་བསྟན་དོན། ཚོགས་པའི་གྲོན་དངུལ་མ་སྤྲད་པའམ་འགོར་འགྱངས་བྱས་པ་དེ་ནི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྒོར་རྐྱང་ཆད་པའི་གནད་དོན་གྱི་འབྱུང་རྐྱེན་གཅིག་པུ་མ་ཡིན་པ་དང་། སྔོན་རྩིས་ཀྱི་སྒྲིག་བཟོ་བྱེད་ཐབས་ལའང་གྲུབ་ཚུལ་རང་བཞིན་གྱི་གནད་དོན་ཡོད་ལ། ཕྱི་དངུལ་གྱི་ཚད་དང་དངུལ་ལོར་ཚད་བརྒལ་འགྲེམ་པ། ཟླ་ཕོགས་མ་རྩའི་ཚད་གཞི་སོགས་ནི་དེའི་ཁྲོད་ཀྱི་རྒྱུ་རྐྱེན་ཡིན་པ་རེད་ཟེར། 

ཀུའུ་ཐི་ལོས་སི་ཡིས་བཤད་རྒྱུར། ཐག་གཅོད་བྱེད་ཐབས་ཁོངས་གཏོགས་རྒྱལ་ཁབ་ཚང་མས་ཚོགས་པའི་གྲོན་དངུལ་ཆད་ལྷག་མེད་པར་དུས་ལྟར་སྤྲོད་པར་འགན་སྲུང་བྱ་དགོས་པར་མ་ཟད། དམིགས་བསལ་གྱི་བཅོས་བསྒྱུར་རེ་འགའ་དངོས་འབེབ་བྱ་དགོས་ཟེར། ཁོས་བསྟན་དོན། རྒྱུན་ལྡན་གྱི་སྔོན་རྩིས་ལ་བྱེད་ཐབས་རེ་འགའ་སྤྱོད་དགོས་པའི་གྲོས་གཞི་བཏོན། ཕྱོགས་གཅིག་ནས་འཁོར་རྒྱུག་མ་དངུལ་གྱི་སྦྲེལ་མཐུད་རྐྱེན་སྲོལ་ལ་ཤུགས་སྣོན་པ་དང་། ཕྱོགས་གཞན་ཞིག་ནས་སྔོན་རྩིས་ལག་བསྟར་གྱི་བྱེད་ཐབས་དོ་དམ་ལ་བརྟེན་ནས་འགྲོ་སོང་ཆུ་ཚད་ལ་རྒྱབ་སྐྱོར་བྱ་དགོས་ཟེར། །

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།