ཀྲུང་གོ་བོད་ཀྱི་དྲ་བ།

དབྱིན་ཇི་ཡིས་གསར་དར་ཚོང་རར་ཕྱིར་གཏོང་བྱེད་པའི་རྒྱལ་ཁབ་རང་གི་ཁེ་ལས་ཆུང་འབྲིང་ལ་དངུལ་ལོར་གྱི་རྒྱབ་སྐྱོར་འདོན་སྤྲོད་བྱེད་རྒྱུ་རེད།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-06-06
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  དབྱིན་ཇིའི་རྒྱལ་སྤྱིའི་ཉོ་ཚོང་བློན་ཆེན་ཧྥུའུ་ཁི་སི་ཡིས་ཚེས་ལྔ་ཉིན་ཁྱབ་སྒྲོག་བྱས་དོན། གསར་དར་ཚོང་རར་ཕྱིར་གཏོང་བྱེད་པའི་དབྱིན་ཇིའི་ཁེ་ལས་ཆུང་འབྲིང་ལ་དངུལ་ལོར་གྱི་རྒྱབ་སྐྱོར་འདོན་སྤྲོད་བྱེད་རྒྱུ་ཡིན། དེ་ནི་དབྱིན་ཇི་ཡིས་ཐོག་དང་པོར་རྒྱལ་ཁབ་རང་གི་ཁེ་ལས་ཆུང་འབྲིང་གི་ཕྱིར་གཏོང་དང་འབྲེལ་བའི་ཉོ་ཚོང་བྱ་འགུལ་ཐད་དངུལ་གསོག་ཇུས་གཞི་དེ་འདྲ་བཏོན་པ་རེད། 

རྒྱུས་ལོན་བྱུང་བ་ལྟར་ན། འཆར་གཞི་དེར་ཁ་གྲངས་ཉུང་བའི་ཉོ་ཚོང་ལ་དངུལ་གསོག་གི་རྒྱབ་སྐྱོར་འདོན་སྤྲོད་བྱེད་པ་དང་ཕྱིར་གཏོང་ཚོང་བར་ནོར་སྲིད་ཀྱི་རྒྱབ་སྐྱོར་འདོན་སྤྲོད་བྱེད་པ་སོགས་ཇུས་གཞི་རབ་དང་རིམ་པ་འདུས། བྱེད་ཐབས་གསར་བ་དེ་ཁེ་ལས་ཆུང་འབྲིང་གི་ཐོན་སྐྱེད་ནུས་པ་ཇེ་མཐོར་གཏོང་བ་དང་། འབྲེལ་ཡོད་མ་དངུལ་གྱི་རོགས་སྐྱོར་ཐོབ་ངེས་རེད། 

ཧྥུའུ་ཁི་སི་ཡིས་བསྟན་དོན། འཆར་གཞི་དེ་དབྱིན་ཇིའི་དཔལ་འབྱོར་འཕར་སྣོན་སྦས་ཤུགས་སྔོག་འདོན་བྱེད་པར་ཕན་པ་དང་། དབྱིན་ཇི་སྔར་ལས་ཤུགས་རྐྱེན་ལྡན་པའི་ཕྱིར་གཏོང་རྒྱལ་ཁབ་ཏུ་འགྱུར་བར་སྐུལ་འདེད་གཏོང་ཐུབ་ཟེར།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།