ཀྲུང་གོ་བོད་ཀྱི་དྲ་བ།

ཧཱ་སག་སི་ཐན་གྱི་ཙུང་ཐུང་འདེམ་བསྐོའི་བྱ་འགུལ་སྤེལ་ལ་ཉེ་བའི་སྐབས་སུ་ཕྱི་རྒྱལ་གྱི་གསར་འགོད་པ་སུམ་བརྒྱ་ལྷག་གིས་ཐོ་འགོད་བྱ་བ་ཡོངས་འགྲུབ་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-06-06
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཧཱ་སག་སི་ཐན་གྱི་ཙུང་ཐུང་འདེམ་བསྐོའི་བྱ་འགུལ་སྤེལ་ལ་ཉེ་བའི་སྐབས་སུ། རྒྱལ་ཁབ་དེའི་ཕྱི་འབྲེལ་པུའུ་ཡིས་ཚེས་ལྔ་ཉིན་སྤེལ་བའི་གནས་ཚུལ་ལྟར་ན། ཕྱི་རྒྱལ་གྱི་གསར་འགོད་པ་སུམ་བརྒྱ་ལྷག་ཐེངས་འདིའི་འདེམ་བསྐོའི་བྱ་འགུལ་ལ་ཞུགས་རྒྱུ་ཡིན་པ་དང་། དེའི་སྔོན་གྱི་ཟིན་ཐོ་ལས་བརྒལ་ཡོད་ཟེར། 

ཧཱ་སག་སི་ཐན་གྱི་ཕྱི་འབྲེལ་པུའུ་ཡིས་བསྒྲགས་པ་ལྟར་ན། ཧཱ་སག་སི་ཐན་གྱི་རྒྱུན་ལྡན་མ་ཡིན་པའི་ཙུང་ཐུང་འདེམ་བསྐོའི་བྱ་འགུལ་དེ་ཟླ་དྲུག་པའི་ཚེས་དགུའི་ཉིན་སྤེལ་རྒྱུ་ཡིན་པ་དང་། ད་ལྟ་གསར་འགོད་པའི་ཐོ་འགོད་བྱ་བ་ཡོངས་འགྲུབ་བྱས་ཡོད། བྱ་བ་དེར་ཧཱ་སག་སི་ཐན་ཕྱི་འབྲེལ་པུའུ་དང་ཀྲུང་དབྱང་འདེམ་བསྐོ་ཨུ་ཡོན་ལྷན་ཁང་གིས་མཉམ་འབྲེལ་གྱིས་འགན་ཁུར་ཡོད་པ་རེད། 

ཧཱ་སག་སི་ཐན་ཕྱི་འབྲེལ་པུའུ་ཡིས་མཚམས་སྦྱོར་བྱས་པ་ལྟར་ན། ཐེངས་འདིར་བསྡོམས་པས་འཛམ་གླིང་ཡོངས་ཀྱི་རྒྱལ་ཁབ་བཞི་བཅུ་ལྷག་ནས་ཡོང་བའི་ཕྱི་རྒྱལ་གྱི་གསར་འགོད་པ་ཉིས་བརྒྱ་དང་ཉེར་བདུན་གྱིས་ཧཱ་སག་སི་ཐན་གྱི་ཕྱི་འབྲེལ་པུའུ་ནས་ཐོ་འགོད་བྱས་པ་དང་། མི་འགྱངས་པར་སྤེལ་རྒྱུ་ཡིན་པའི་འདེམ་བསྐོའི་བྱ་འགུལ་གྱི་གནས་ཚུལ་བསྒྲགས་རྒྱུ་རེད། དེ་ལས་སྔོན་ཆད་ཀྱི་ཟིན་ཐོ་བརྒལ་ཡོད་ལ། ཉིས་སྟོང་བཅོ་ལྔ་ལོའི་ཙུང་ཐུང་འདེམ་བསྐོའི་སྐབས་སུ་ཕྱི་རྒྱལ་གྱི་གསར་འགོད་པ་བརྒྱ་དང་རེ་བརྒྱད་ཀྱིས་ཐོ་འགོད་བྱས་ཡོད་པ་རེད། 

བསྒྲགས་པ་ལྟར་ན། དེ་ལས་གཞན་ཧཱ་སག་སི་ཐན་ཕྱི་འབྲེལ་པུའུ་ནས་ད་རུང་རྒྱུན་སྡོད་ཕྱི་རྒྱལ་གྱི་གསར་འགོད་པ་བརྒྱ་དང་ཉེར་གཅིག་གིས་ཐོ་འགོད་བྱས་ཡོད་པས། ཐེངས་འདིར་ཕྱི་རྒྱལ་གྱི་གསར་འགོད་པ་སུམ་བརྒྱ་ལྷག་ཙུང་ཐུང་འདེམ་བསྐོའི་བྱ་འགུལ་ལ་ཞུགས་ཏེ་གནས་ཚུལ་སྤེལ་རྒྱུ་རེད། ཁ་གྲངས་དེ་ལས་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ཧཱ་སག་སི་ཐན་གྱི་ཆབ་སྲིད་དང་སྤྱི་ཚོགས་འཚོ་བར་དོ་སྣང་ཆེན་པོ་བྱེད་བཞིན་པ་མཚོན་ཡོད་ཟེར། 

གཞན་ཡང་བསྒྲགས་པའི་གནས་ཚུལ་ལྟར་ན། རྒྱལ་སྤྱིའི་ལྟ་ཞིབ་པའི་ངོས་ལེན་བྱ་བ་དེ་ཡང་ཚེས་གསུམ་ཉིན་མཇུག་སྒྲིལ། བསྡོམས་པས་རྒྱལ་སྤྱིའི་ལྟ་ཞིབ་པ་སྟོང་གཅིག་དང་བཅུ་གསུམ་གྱིས་ཧཱ་སག་སི་ཐན་ཀྲུང་དབྱང་འདེམ་བསྐོ་ཨུ་ཡོན་ལྷན་ཁང་དུ་ཐོ་འགོད་བྱས་ཡོད། དེའི་ནང་རྒྱལ་སྤྱིའི་རྩ་འཛུགས་དགུའི་ལྟ་ཞིབ་པ་བརྒྱད་བརྒྱ་དང་རེ་དྲུག་དང་། རྒྱལ་ཁབ་ཞེ་གཅིག་ནས་ཡོང་བའི་ལྟ་ཞིབ་པ་བརྒྱ་དང་ཞེ་བདུན་བཅས་འདུས་ཡོད།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།