ཀྲུང་གོ་བོད་ཀྱི་དྲ་བ།

འཇར་མན་གྱི་ཕྱི་འབྲེལ་བློན་ཆེན་གྱིས་ནམ་ཟླའི་འགྱུར་ལྡོག་གིས་རྒྱལ་སྤྱིའི་བདེ་འཇགས་ལ་འཇིགས་ཉེན་བཟོ་བཞིན་ཡོད་པའི་ཚུལ་བསྟན།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-06-06
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  འཇར་མན་གྱི་ཕྱི་འབྲེལ་བློན་ཆེན་མཱ་སི་ཡིས་ཉེན་བརྡ་བཏང་སྟེ། ནམ་ཟླའི་འགྱུར་ལྡོག་གིས་རྒྱལ་སྤྱིའི་བདེ་འཇགས་ལ་འཇིགས་ཉེན་བཟོ་བཞིན་ཡོད་ཟེར། ཁོས་འཛམ་གླིང་ཡོངས་ཀྱིས་མཉམ་ལས་བྱས་ཏེ་འགྲན་རྩོད་དེ་ཐག་གཅོད་བྱ་དགོས་པར་མ་ཟད། མཉམ་འབྲེལ་རྒྱལ་ཚོགས་ཀྱི་དེའི་ཐད་ཀྱི་ནུས་པར་ཤུགས་སྣོན་བྱེད་དགོས་པའི་འབོད་སྐུལ་བཏང་། 

མཱ་སི་ཡིས་ཚེས་བཞི་ཉིན་བསྡུས་པའི་པའོ་ལིན་ནམ་ཟླ་དང་བདེ་འཇགས་གྲོས་ཚོགས་སྟེང་གཏམ་བཤད་གལ་ཆེན་སྤེལ་ཏེ། ནམ་ཟླའི་འགྱུར་ལྡོག་གི་ཤུགས་རྐྱེན་དེ་ཁོར་ཡུག་གི་ཁྱབ་ཁོངས་ལས་རིང་དུ་བརྒལ་ཡོད་པ་དང་། འཛམ་གླིང་ཡོངས་ཀྱི་ས་ཁུལ་མང་བོའི་ཞི་བདེ་དང་གཏན་འཇགས་ལ་འཇིགས་ཉེན་ཐེབས་བཞིན་ཡོད། དེ་ལས་གཞན་ནམ་ཟླའི་འགྱུར་ལྡོག་གིས་འཁྲུག་རྩོད་ཇེ་དྲག་ཏུ་བཏང་སྟེ། གཏན་འཇགས་མིན་པའི་ས་ཁུལ་དུ་ཛ་དྲག་གི་གནས་བབ་གསར་བ་ཆགས་པར་བྱས་ཡོད་ཟེར། 

མཱ་སི་ཡིས་བཤད་རྒྱུར། འཇར་མན་སྔར་ལས་ལྷག་པའི་སྒོ་ནས་གནད་དོན་དེ་དག་ཐག་གཅོད་བྱེད་པར་ཞུགས་པ་དང་། ནམ་ཟླའི་འགྱུར་ལྡོག་གིས་བདེ་འཇགས་གནས་བབ་ཐད་ཐེབས་པའི་ཤུགས་རྐྱེན་གྱི་ཚན་རིག་ཞིབ་འཇུག་ལ་ཤུགས་སྣོན་བྱེད་པ་དང་། ནམ་ཟླའི་འགྱུར་ལྡོག་དང་བདེ་འཇགས་འབྲེལ་བའི་ངོས་ཟིན་ཇེ་ཟབ་ཏུ་གཏོང་དགོས་པར་མ་ཟད། རྒྱལ་ཁབ་གཞན་པའི་བར་མཉམ་ལས་བྱས་ནས་འབྲེལ་ཡོད་ཀྱི་ཉེན་གཏོང་རྐྱེན་སྲོལ་འཛུགས་རྒྱུ་ཡིན་ཟེར། 

མཱ་སི་ཡིས་ནན་གྱིས་བསྟན་དོན། ནམ་ཟླའི་འགྱུར་ལྡོག་གིས་རྒྱལ་སྤྱིའི་བདེ་འཇགས་ལ་ཐེབས་པའི་འགྲན་རྩོད་དེ་འཛམ་གླིང་ཡོངས་ཀྱིས་མཉམ་ལས་བྱས་ཏེ་ཐག་གཅོད་བྱ་དགོས་ཟེར། ཁོས་བསྟན་དོན། མཉམ་འབྲེལ་རྒྱལ་ཚོགས་ཀྱི་ནུས་པར་ཤུགས་སྣོན་བྱས་ཏེ་ནམ་ཟླའི་འགྱུར་ལྡོག་ཐག་གཅོད་པ་དང་རྒྱུན་མཐུད་འཕེལ་རྒྱས། ཞི་བདེ་དང་བདེ་འཇགས་ལ་སྲུང་སྐྱོབ་བྱེད་པ་བཅས་གཞི་གཅིག་ཅན་དུ་བྱས་ཏེ་སྲིད་ཇུས་གཏན་འབེབས་བྱ་དགོས་ཟེར། 

ཐེངས་འདིའི་གྲོས་ཚོགས་ལ་ཞུགས་པའི་རྒྱལ་ཁབ་མང་བོའི་འབྲེལ་ཡོད་པུའུ་ཀྲང་དང་ཆབ་སྲིད་མགོ་ཁྲིད་པས་པའོ་ལིན་གྱི་འགུལ་སྐྱོད་འདོད་བློ་ཞེས་པ་བཏོན་ཏེ། རྒྱལ་ཁབ་སོ་སོས་ནམ་ཟླའི་འགྱུར་ལྡོག་གིས་བདེ་འཇགས་ཐད་ཐེབས་པའི་འཇིགས་ཉེན་ཐག་གཅོད་བྱེད་པ་དེ་ཕྱི་ཕྱོགས་སྲིད་ཇུས་ཀྱི་ནང་དོན་གཙོ་བོ་ཞིག་ཏུ་བྱེད་དགོས་པའི་འབོད་སྐུལ་བཏང་བ་དང་། ཞོར་དུ་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་འབྲེལ་ཡོད་ཀྱི་ཐག་གཅོད་དང་འཆར་འགོད་ལ་ཤུགས་སྣོན་བྱ་དགོས་པའི་འབོད་སྐུལ་བཏང་། །

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།