ཀྲུང་གོ་བོད་ཀྱི་དྲ་བ།

མཉམ་འབྲེལ་རྒྱལ་ཚོགས་ཀྱི་སློབ་གསོ་དང་ཚན་རིག་རིག་གནས་རྩ་འཛུགས་ཀྱིས་ཀྲུང་གོ་དང་ཨ་ཧྥེ་རི་ཁའི་འཛམ་གླིང་ཤུལ་བཞག་རྒྱུ་ནོར་གྱི་མཉམ་ལས་གླེང་སྟེགས་སྤེལ།

    སྤེལ་དུས། : 2019-06-04
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  མཉམ་འབྲེལ་རྒྱལ་ཚོགས་ཀྱི་སློབ་གསོ་དང་ཚན་རིག་རིག་གནས་རྩ་འཛུགས་ཀྱི་ཀྲུང་གོ་དང་ཨ་ཧྥེ་རི་ཁའི་འཛམ་གླིང་ཤུལ་བཞག་རྒྱུ་ནོར་གྱི་ནུས་པའི་འཛུགས་སྐྲུན་དང་མཉམ་ལས་གླེང་སྟེགས་དེ་ཚེས་གསུམ་ཉིན་ཧྥ་རན་སིའི་ཕཱ་རེ་སི་རུ་ཡོད་པའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སློབ་གསོ་དང་ཚན་རིག་རིག་གནས་རྩ་འཛུགས་ཀྱི་སྤྱི་ཁྱབ་པུའུ་ནས་སྤེལ་མགོ་བརྩམས། མཉམ་འབྲེལ་རྒྱལ་ཚོགས་ཀྱི་སློབ་གསོ་དང་ཚན་རིག་རིག་གནས་རྩ་འཛུགས་ཀྱི་དཔོན་རིགས་དང་འཛམ་གླིང་ཤུལ་བཞག་རྒྱུ་ནོར་གྱི་ཆེད་ལས་བློ་འདྲིའི་ལས་ཁུངས་ཀྱི་འཐུས་མི། ཀྲུང་གོ་དང་ཨ་ཧྥེ་རི་ཁ་གླིང་གི་རྒྱལ་ཁབ་སྲིད་གཞུང་གི་དཔོན་རིགས་དང་ཆེད་མཁས་པ་སོགས་མི་ཉིས་བརྒྱ་ལྷག་ཚོགས་མགོ་རྩོམ་པའི་མཛད་སྒོར་ཞུགས། 

མཉམ་འབྲེལ་རྒྱལ་ཚོགས་ཀྱི་སློབ་གསོ་དང་ཚན་རིག་རིག་གནས་རྩ་འཛུགས་ཀྱི་སྤྱི་ཁྱབ་ལས་འཛིན་པའི་རིག་གནས་ལས་རོགས་པ་ཨོ་ཐའོ་ནེ་ཡིས་ཚོགས་མགོ་རྩོམ་པའི་མཛད་སྒོའི་སྟེང་ཞུ་ཚིག་ཕུལ། ཁོས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སློབ་གསོ་དང་ཚན་རིག་རིག་གནས་རྩ་འཛུགས་ཀྱི་ཚབ་བྱས་ཏེ་ཀྲུང་གོའི་སྲིད་གཞུང་གིས་ཐེངས་འདིའི་གླེང་སྟེགས་སྤེལ་བར་རྒྱབ་སྐྱོར་བྱས་པར་བཀའ་དྲིན་ཞུས་པ་དང་། བརྗེ་རེས་དང་གྲོས་མོལ་ལ་བརྟེན་ནས་རྒྱལ་སྤྱིའི་མཉམ་ལས་ལ་ཤུགས་སྣོན་བྱས་ཏེ་ཨ་ཧྥེ་རི་ཁ་གླིང་གི་འཛམ་གླིང་ཤུལ་བཞག་རྒྱུ་ནོར་གྱི་སྲུང་སྐྱོབ་གནས་ཚུལ་ལེགས་བཅོས་བྱེད་དགོས་པའི་རེ་བ་བཏོན། 

མཉམ་འབྲེལ་རྒྱལ་ཚོགས་ཀྱི་སློབ་གསོ་དང་ཚན་རིག་རིག་གནས་རྩ་འཛུགས་སུ་རྒྱུན་དུ་སྡོད་པའི་ཨ་ཧྥེ་རི་ཁ་གླིང་རྒྱལ་ཁབ་ཀྱི་འཐུས་ཚབ་ཚོགས་པའི་ཀྲུའུ་ཞི། མཉམ་འབྲེལ་རྒྱལ་ཚོགས་ཀྱི་སློབ་གསོ་དང་ཚན་རིག་རིག་གནས་རྩ་འཛུགས་སུ་རྒྱུན་དུ་སྡོད་པའི་ཀ་ཕིན་གྱི་འཐུས་ཚབ་ཚོགས་པའི་འཐུས་མི་ཨན་ནེ་ཁི་ཡིས་བཤད་རྒྱུར། ཨ་ཧྥེ་རི་ཁའི་རྒྱལ་ཁབ་དག་གིས་ཀྲུང་གོར་བཀའ་དྲིན་ཞུ་བཞིན་ཡོད་པ་དང་། ཁྱད་པར་དུ་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སློབ་གསོ་དང་ཚན་རིག་རིག་གནས་རྩ་འཛུགས་བརྒྱུད་དེ། དུས་ཡུན་རིང་བོར་ཨ་ཧྥེ་རི་ཁའི་སློབ་གསོ་དང་། ཚན་རྩལ། རིག་གནས་ལས་དོན་བཅས་ཀྱི་འཕེལ་རྒྱས་ཐད་རྒྱབ་སྐྱོར་དང་རོགས་རམ་བྱས་པར་བཀའ་དྲིན་ཞུ་དགོས་ལ། ང་ཚོས་ཀྲུང་གོའི་འབྲེལ་ཡོད་ཕྱོགས་བར་ལག་རྡང་སྦྲེལ་ཏེ་ཀྲུང་གོ་དང་ཨ་ཧྥེ་རི་ཁའི་མཉམ་ལས་གླེང་སྟེགས་ཀྱི་པེ་ཅིང་མཐོ་རིམ་གྲོས་ཚོགས་ནས་བཀོད་པའི་ཐུན་མོང་ལྟ་ཚུལ་དངོས་འབེབ་བྱ་དགོས་ཟེར། 

ཨ་ཧྥེ་རི་ཁ་གླིང་མནའ་འབྲེལ་ཨུ་ཡོན་ལྷན་ཁང་གི་སྤྱི་ཚོགས་ལས་དོན་གྱི་ཀྲུའུ་རིན་སེ་ཞི་ཡིས་བཤད་རྒྱུར། ཨ་ཧྥེ་རི་ཁ་གླིང་མནའ་འབྲེལ་གྱིས་གླེང་སྟེགས་སྤེལ་བའི་འདོད་བློ་དེ་འདྲ་བཏོན་པར་བཀའ་དྲིན་ཞུས་པ་དང་། དེ་ལས་སྔར་ལས་ལྷག་པའི་སྒོ་ནས་ཨ་ཧྥེ་རི་ཁ་གླིང་གི་ཤུལ་བཞག་རྒྱུ་ནོར་གྱི་སྲུང་སྐྱོབ་བྱ་བར་སྐུལ་འདེད་གཏོང་ཐུབ། ཀྲུང་གོར་ཤུལ་བཞག་རྒྱུ་ནོར་སྲུང་སྐྱོབ་ཐད་སྔོན་ཐོན་གྱི་ཉམས་མྱོང་ཡོད་ལ། ཨ་ཧྥེ་རི་ཁ་གླིང་གིས་ཀྲུང་གོའི་བར་གྱི་ཁྱབ་ཁོངས་དེའི་དངོས་གཉེར་མཉམ་ལས་ལ་ཤུགས་སྣོན་བྱས་ཏེ། ཁོངས་གཏོགས་རྒྱལ་ཁབ་དག་གིས་ཀྲུང་གོའི་ཉམས་མྱོང་ལ་སློབ་སྦྱོང་བྱས་ནས་ཤེས་བྱ་ཁོང་དུ་ཆུད་པར་རོགས་རམ་བྱེད་འདོད་ཡོད་ཟེར། 

ཐེངས་འདིའི་གླེང་སྟེགས་ཀྱི་ཚོགས་ཡུན་ཉིན་གཉིས་ཡིན་པ་དང་། ཉིན་དང་པོའི་ཚང་འཛོམས་གྲོས་ཚོགས་ནས་གཙོ་བོ་འཛམ་གླིང་ཤུལ་བཞག་རྒྱུ་ནོར་གྱི་སྲུང་སྐྱོབ་དང་ཁྲིམས་འཛུགས། གསར་གཏོད་ལས་སྐྲུན། ན་གཞོན་པར་དབང་ཆ་སྩོལ་བ་སོགས་ཀྱི་ཐད་ནས་གྲོས་བསྡུར་བྱས། ཉིན་གཉིས་པའི་གྲོས་རིམ་ནི་ལག་རྩལ་ཞིབ་བསྡུར་ཡིན་པ་དང་། གྲོས་གཞི་དེ་འཛམ་གླིང་ཤུལ་བཞག་རྒྱུ་ནོར་གྱི་སྲུང་སྐྱོབ་རྐྱེན་སྲོལ་དང་ཀྲུང་གོ་དང་ཨ་ཧྥེ་རི་ཁའི་ཤུལ་བཞག་རྒྱུ་ནོར་སྲུང་སྐྱོབ་ཀྱི་མཉམ་ལས་སོགས་ཁྱབ་ཁོངས་ལ་ཁེབས་ཡོད།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།