ཀྲུང་གོ་བོད་ཀྱི་དྲ་བ།

ཁུ་པཱའི་དཔོན་རིགས་ཀྱིས་ཨ་མེ་རི་ཁས་མ་འོངས་པའི་ཕྱོགས་གཉིས་ཀྱི་འབྲེལ་བའི་ལེགས་བཅོས་ལ་བར་ཆད་བཟོས་ཡོད་པའི་ཚུལ་བསྟན།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-06-02
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཁུ་པཱའི་ཕྱི་འབྲེལ་པུའུ་ཡི་ཨ་མེ་རི་ཁའི་ལས་དོན་ཁྲུའུ་ཡི་ཀྲུའུ་རིན་ཧྥེ་ཨར་ནན་ཏི་སི་ཏི་ཁི་ཞི་ཨོ་ཡིས་ཟླ་ལྔ་བའི་ཚེས་སོ་གཅིག་ཉིན་བསྟན་དོན། ཨ་མེ་རི་ཁས་ཉེ་སྔོན་ཁུ་པཱ་ལ་སྤྱད་པའི་བྱེད་ཐབས་རབ་དང་རིམ་པ་ལས་མ་འོངས་པའི་ཕྱོགས་གཉིས་ཀྱི་འབྲེལ་བའི་ལེགས་བཅོས་ལ་བར་ཆད་བཟོས་ཡོད་ཟེར། 

ཧྥེ་ཨར་ནན་ཏི་སི་ཏི་ཁི་ཞི་ཨོ་ཡིས་ཉིན་དེར་ཁུ་པཱ་རུ་སྡོད་པའི་ཡོ་རོབ་གླིང་གི་ཁེ་ལས་དང་འཐུས་ཚབ་ཚོགས་པའི་འཐུས་མི་བརྒྱ་དང་ཉི་ཤུ་ལྷག་དང་མཉམ་དུ་སྤེལ་བའི་བྱ་བའི་གྲོས་ཚོགས་སྟེང་བཤད་རྒྱུར། ཟླ་ངོ་འགའི་ཡར་སྔོན་བར་དུ་ང་ཚོས་ཁུ་པཱ་དང་ཨ་མེ་རི་ཁའི་འབྲེལ་བ་ཉམས་ཞན་དུ་སོང་ཡོད་པར་བཤད་ཀྱང་། བརྗོད་ཚུལ་དེས་མིག་སྔའི་ཕྱོགས་གཉིས་ཀྱི་འབྲེལ་བའི་རྣམ་པ་གསལ་བོར་མཚོན་ཐབས་མི་འདུག ད་ལྟ་ང་ཚོས་གསལ་བོར་བརྗོད་ཆོག་པ་ནི་དེ་ནི་ཨ་མེ་རི་ཁའི་སྲིད་གཞུང་གིས་ཁུ་པཱ་ལ་དམིགས་པའི་མངོན་སུམ་འཛེམ་མེད་ཀྱི་དགྲར་འཛིན་བྱ་སྤྱོད་ཅིག་ཡིན་པ་རེད། 

ཧྥེ་ཨར་ནན་ཏི་སི་ཏི་ཁི་ཞི་ཨོ་ཡིས་བཤད་རྒྱུར། ཁུ་པཱའི་དཔལ་འབྱོར་དང་དངུལ་ལོར་གྱི་བཀག་སྡོམ་དང་ཉོ་ཚོང་གཏན་འགོག་མེད་པར་བཏང་སྟེ། ཨ་མེ་རི་ཁ་དང་ཁུ་པཱའི་འབྲེལ་བ་ལེགས་བཅོས་བྱེད་པ་དེ་ཨ་མེ་རི་ཁའི་མང་ཚོགས་མང་ཆེ་བའི་འདོད་བློ་དང་འཚམ་ཡང་། ཧི་ཨར་མུའུ་སི་པའོ་ཏོན་ཧྥ་ཞེས་པའི་དོན་ཚན་གསུམ་པ་ནུས་ལྡན་དུ་གྱུར་བ་ལས། མ་འོངས་པའི་རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་ལེགས་བཅོས་བྱེད་པར་བཀག་རྒྱ་བཟོ་ངེས་ཡིན་ཟེར།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།