ཀྲུང་གོ་བོད་ཀྱི་དྲ་བ།

ནེ་ཀྲི་རི་ཡཱའི་བསྟུད་འགན་ཁུར་བའི་ཙུང་ཐུང་པུའུ་ཧཱ་ལི་ཡིས་དམ་བཅའ་བཞག་སྟེ་ལས་འགན་ཁུར།

    སྤེལ་དུས། : 2019-05-30
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  བདེ་བླག་ངང་བསྟུད་འགན་ཁུར་བའི་ནེ་ཀྲི་རི་ཡཱའི་ཙུང་ཐུང་པུའུ་ཧཱ་ལི་ཡིས་ཟླ་ལྔ་བའི་ཚེས་ཉེར་དགུའི་ཉིན་རྒྱལ་ས་ཨ་པུའུ་ཅཱ་ནས་དམ་བཅའ་བཞག་སྟེ་ལས་འགན་ཁུར། 

ཉིན་དེར་ནེ་ཀྲི་རི་ཡཱའི་དབུ་བཞུགས་ཁྲིམས་དཔོན་ཆེན་མོ་ཚབ་མ་དབྱེ་པུའུ་ལཱ་ཞིན་ཐན་ཁི་མུའུ་ཧན་མའོ་ཏི་ཡི་ལྟ་རྟོག་འོག པུའུ་ཧཱ་ལི་ཡིས་དམ་བཅའ་བཞག་སྟེ། ཁོའི་ཐེངས་གཉིས་པའི་ལོ་བཞིའི་ཙུང་ཐུང་གི་འགན་ཡུན་དངོས་སུ་མགོ་བརྩམས། 

ལས་འགན་ཁུར་བའི་མཛད་སྒོའི་ཡུལ་དངོས་སུ་དར་ཆ་བསྒྲེངས་པ་དང་རྟེན་འབྲེལ་གྱི་མེ་སྒྱོགས་ཐེངས་ཉེར་གཅིག་གཏོང་འཕེན་བྱས། པུའུ་ཧཱ་ལི་ཡིས་ད་རུང་རླངས་འཁོར་ལ་བསྡད་དེ་ནེ་ཀྲི་རི་ཡཱའི་དྲག་ཆས་དམག་དཔུང་ལ་དམག་གཟིགས་བྱས་ཀྱང་། ལས་འགན་ཁུར་བའི་གཏམ་བཤད་སྤེལ་མེད། 

ནེ་ཀྲི་རི་ཡཱའི་སྲིད་གཞུང་གིས་དེའི་སྔོན་ཁྱབ་སྒྲོག་བྱས་དོན། གྲོན་དངུལ་གྲོན་ཆུང་བྱེད་ཆེད། ཐེངས་འདིའི་ཙུང་ཐུང་གི་ལས་འགན་ཁུར་བའི་མཛད་སྒོ་སྟབས་བདེ་རུ་བཏང་ཡོད་ཀྱང་། ཟླ་དྲུག་པའི་ཚེས་བཅུ་གཉིས་ཉིན་དགའ་སྟོན་རྟེན་འབྲེལ་བྱ་འགུལ་སྤེལ་རྒྱུ་ཡིན་པ་དང་། སྐབས་ཐོག་དེར་ཕྱི་རྒྱལ་གྱི་མགོ་ཁྲིད་པ་མང་བོ་གདན་འདྲེན་ཞུ་རྒྱུ་རེད།

པུའུ་ཧཱ་ལི་ནི་ད་ལོའི་ཟླ་གཉིས་པའི་ཚེས་ཉེར་གསུམ་ཉིན་སྤེལ་བའི་འདེམ་བསྐོའི་ཁྲོད་འགྲན་ཡ་གཙོ་བོ་མི་དམངས་དམངས་གཙོ་ཏང་གི་ཙུང་ཐུང་འདེམ་སྒུག་མི་སྣ་ཨ་པུའུ་པཱ་ཁཱ་ཨར་ལས་རྣམ་པར་རྒྱལ་ཏེ། ཡང་བསྐྱར་ནེ་ཀྲི་རི་ཡཱའི་ཙུང་ཐུང་དུ་བདམས་ཐོན་བྱུང་བ་རེད། 

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།