ཀྲུང་གོ་བོད་ཀྱི་དྲ་བ།

ཨ་ཧྥུའུ་ཧན་སྲིད་གཞུང་དམག་དཔུང་གིས་དབྱི་སི་ལན་རྒྱལ་ཁབ་ཅེས་པའི་ཐལ་སྤྱོད་རྩ་འཛུགས་ཀྱི་དྲག་ཆས་ཉེས་ཅན་དགུ་བསད།

    སྤེལ་དུས། : 2019-05-28
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཨ་ཧྥུའུ་ཧན་སྲིད་གཞུང་དཔོན་རིགས་ཀྱིས་ཚེས་ཉེར་བདུན་ཉིན་བཤད་རྒྱུར། ཨ་ཧྥུའུ་ཧན་སྲིད་གཞུང་དམག་དཔུང་གིས་ཚེས་ཉེར་དྲུག་ཉིན་ཤར་ཕྱོགས་ཀྱི་ནན་ཀི་ཧཱ་ཨར་ཞིང་ཆེན་དུ་དམག་དོན་འགུལ་སྐྱོད་སྤེལ་ཏེ། བསྡོམས་པས་དྲག་ཆས་ཉེས་ཅན་དགུ་བསད་ཟེར། 

ནན་ཀི་ཧཱ་ཨར་ཞིང་ཆེན་གྱི་ཁྲ་ཕཱ་ཧཱ་ཨར་ས་ཁུལ་གྱི་སྲིད་འཛིན་དཔོན་པོ་ཏཱ་ཝུའུ་ལཱ་ཐི་ཀྲ་དབྱེ་ཡིས་བཤད་རྒྱུར། ཨ་ཧྥུའུ་ཧན་རྒྱལ་ཁབ་བདེ་འཇགས་ཅུའུ་ཡི་དམིགས་བསལ་དམག་དཔུང་གིས་ཚེས་ཉེར་དྲུག་ཉིན་གྱི་དགོང་མོར་ཁྲ་ཕཱ་ཧཱ་ཨར་ས་ཁུལ་གྱི་དབྱི་སི་ལན་རྒྱལ་ཁབ་ཅེས་པའི་ཐལ་སྤྱོད་རྩ་འཛུགས་ཀྱི་དྲག་ཆས་ཉེས་ཅན་སྦས་སྐོང་བྱེད་ས་ཞིག་ནས་དམག་དོན་འགུལ་སྐྱོད་སྤེལ་ཏེ། བསྡོམས་པས་མི་དགུ་རྐྱེན་ལམ་དུ་ཤོར་བ་དང་། དེའི་ནང་རྩ་འཛུགས་དེའི་ས་གནས་མགོ་བ་པེ་ལཱ་ལེ་འདུས། ཐེངས་འདིའི་འགུལ་སྐྱོད་ལས་ད་རུང་མཚོན་ཆ་དང་འགད་རྫས་མང་བོ་གཞུང་བཞེས་བྱས་ཡོད་ཟེར། 
དབྱི་སི་ལན་རྒྱལ་ཁབ་ཅེས་པའི་ཐལ་སྤྱོད་རྩ་འཛུགས་ཀྱིས་དོན་དེའི་ཐད་ནས་དཔྱད་བརྗོད་ཅི་ཡང་སྤེལ་མེད། 

ཨ་མེ་རི་ཁའི་ཨ་ཧྥུའུ་ཧན་དུ་ཡོད་པའི་རང་དབང་སོ་དམག་ཅེས་པའི་འགུལ་སྐྱོད་ཀྱི་སྤྱིའི་ལྟ་ཞིབ་དཔོན་པོས་ཉེ་སྔོན་ཨ་མེ་རི་ཁའི་རྒྱལ་ཚོགས་ལ་སྤྲད་པའི་དུས་ཚིགས་དང་པོའི་སྙན་ཞུའི་ནང་བཤད་རྒྱུར། དབྱི་སི་ལན་རྒྱལ་ཁབ་ཅེས་པའི་ཐལ་སྤྱོད་རྩ་འཛུགས་ཀྱི་ཨ་ཧྥུའུ་ཧན་དུ་ཡོད་པའི་ཡན་ལག་རུ་ཁག་ཧུའུ་ལོ་ཧྲན་རྩ་འཛུགས་ཀྱི་དྲག་ཆས་ཉེས་ཅན་སྟོང་ལྔ་ལྷག་ཨ་ཧྥུའུ་ཧན་གྱི་མངའ་ཁོངས་སུ་ཡོད་པ་དང་། གཙོ་བོ་ཁཱ་པུའུ་ཨར་དང་ནན་ཀི་ཧཱ་ཨར། ཁུའུ་ནཱ་ཨར་སོགས་ཞིང་ཆེན་དང་ཨ་ཧྥུའུ་ཧན་བྱང་ཕྱོགས་ས་ཁུལ་བཅས་སུ་འགྲོ་འདུག་བྱེད་བཞིན་ཡོད་ཟེར།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།