ཀྲུང་གོ་བོད་ཀྱི་དྲ་བ།

ཝེ་ནེ་ཙུའེ་ལཱའི་ཙུང་ཐུང་གིས་མུ་མཐུད་དུ་ངོ་རྒོལ་ཕྱོགས་ཁག་བར་གྲོས་མོལ་བྱེད་རྒྱུའི་ཚུལ་བསྟན།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-05-27
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཝེ་ནེ་ཙུའེ་ལཱའི་ཙུང་ཐུང་མཱ་ཏུའུ་ལོ་ཡིས་ཚེས་ཉེར་ལྔ་ཉིན་བསྟན་དོན། འཐུས་ཚབ་ཚོགས་པ་མངག་ནས་ནོར་ཝེ་རུ་སོང་ནས་མུ་མཐུད་དུ་ངོ་རྒོལ་ཕྱོགས་ཁག་བར་གྲོས་མོལ་བྱེད་རྒྱུ་ཡིན་ཟེར། ཝེ་ནེ་ཙུའེ་ལཱའི་གྲོས་ཁང་གི་ཀྲུའུ་ཞི་བཀའ་དབྱེ་ཏའོ་ཡིས་ཀྱང་དེའི་རྗེས་སུ་གསལ་སྒྲོག་སྤེལ་ཏེ། འཐུས་མི་འགའ་ནོར་ཝེ་རུ་མངག་རྒྱུ་ཡིན་ཟེར། 

མཱ་ཏུའུ་ལོ་ཡིས་ཉིན་དེའི་དགོང་མོར་དྲ་ཚིགས་བརྒྱུད་དེ་བསྟན་དོན། སྲིད་གཞུང་གི་འཐུས་ཚབ་ཚོགས་པ་དེ་ཝེ་ནེ་ཙུའེ་ལཱའི་གསར་འགྱུར་དང་འཕྲིན་གཏོང་པུའུ་ཀྲང་ཧའོ་ཨར་ཧི་ལོ་ཏི་ལི་ཀི་སི་དང་། མུས་ལན་ཏཱ་ཀྲིག་གི་ཀྲིག་ཀྲང་ཨེ་ཁི་ཐའོ་ཨར་ལོ་ཏི་ལི་ཀི་སི། ཕྱི་འབྲེལ་བློན་ཆེན་ཨ་ལོས་ཡཱ་སཱ་བཅས་ཀྱིས་གྲུབ་ཡོད་ཟེར། 

མཱ་ཏུའུ་ལོ་ཡིས་ནོར་ཝེ་སྲིད་གཞུང་གིས་བར་འདུམ་བྱེད་པར་འབད་བརྩོན་བྱས་པར་བཀའ་དྲིན་ཞུས་པར་མ་ཟད། མུ་མཐུད་དུ་གྲོས་ཐག་བཅད་པའི་གྲོས་རིམ་ལ་སྐུལ་འདེད་གཏོང་བར་གྲ་སྒྲིག་གང་ལེགས་བྱས་ཡོད་པ་དང་། ངོ་རྒོལ་ཕྱོགས་ཁག་བར་གྲོས་མཐུན་འགོད་པའི་ཐད་ནས་གྲུབ་འབྲས་སྔར་ལས་བཟང་བོ་ལོན་པའི་རེ་བ་ཡོད་ཟེར། 

བཀའ་དབྱེ་ཏའོ་ཡིས་གསལ་སྒྲོག་ནང་བཤད་རྒྱུར། གྲོས་ཁང་གི་ཀྲུའུ་ཞི་གཞོན་པ་ཀང་སཱ་ལོས་སི་སོགས་འཐུས་མི་འགའ་ནོར་ཝེ་རུ་མངག་རྒྱུ་ཡིན་ཟེར། ཁོས་ད་རུང་བསྟན་དོན། གདན་ཞུས་ལྟར་ནོར་ཝེ་རུ་འགྲོ་བའི་དམིགས་ཡུལ་ནི་མཱ་ཏུའུ་ལོ་ཡིས་དབང་ཆ་བསྐྱུར་བ་དང་ཡང་བསྐྱར་འདེམ་བསྐོའི་བྱ་འགུལ་སྤེལ་བ་སོགས་གནད་དོན་ལ་གྲོས་བསྡུར་བྱེད་པའི་ཆེད་ཡིན་ཟེར། 

ནོར་ཝེའི་ཕྱི་འབྲེལ་པུའུ་ཡིས་ཉིན་དེར་གསལ་སྒྲོག་སྤེལ་ཏེ་བདེན་དཔང་བྱས་དོན། ཝེ་ནེ་ཙུའེ་ལཱའི་སྲིད་དབང་བཟུང་ཡོད་མེད་ཕྱོགས་ཁག་གཉིས་ཀྱིས་གཟའ་འཁོར་རྗེས་མར་ནོར་ཝེའི་རྒྱལ་ས་ཨོ་སི་ལུའུ་ནས་མུ་མཐུད་དུ་ནོར་ཝེའི་བར་འདུམ་གྱི་འཕེལ་རིམ་ལ་སྐུལ་འདེད་གཏོང་རྒྱུ་ཐག་བཅད་ཡོད་ཟེར། 

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།