ཀྲུང་གོ་བོད་ཀྱི་དྲ་བ།

མཉམ་འབྲེལ་རྒྱལ་ཚོགས་ཀྱི་དཔོན་གྱིས་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ཅཱ་ཧྲ་ས་ཁུལ་གྱི་མི་ཆོས་རིང་ལུགས་ཀྱི་གནས་ཚུལ་ལ་དོ་སྣང་བྱེད་དགོས་པའི་འབོད་སྐུལ་བཏང་།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-05-24
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  མཉམ་འབྲེལ་རྒྱལ་ཚོགས་ཀྱི་དབུས་ཤར་ཕཱ་ལེ་སི་ཐན་ཡུལ་གྱར་བའི་རྒུད་སྐྱོབ་དང་བཟོ་སྐྲུན་ཁྲུའུ་ཡི་སྤྱི་ཁྱབ་ལས་འཛིན་པ་ཁི་ལིང་ཨིན་པུའུ་ཨར་གྱིས་ཚེས་ཉེར་གསུམ་ཉིན་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ཅཱ་ཧྲ་ས་ཁུལ་གྱི་མི་ཆོས་རིང་ལུགས་ཀྱི་གནས་ཚུལ་ལ་དོ་སྣང་བྱས་ཏེ། ནུས་པ་གང་ཡོད་ཀྱིས་ཅཱ་ཧྲ་ས་ཁུལ་དུ་ནོར་སྲིད་ཀྱི་རྒྱབ་སྐྱོར་འདོན་སྤྲོད་བྱེད་དགོས་པའི་འབོད་སྐུལ་བཏང་། 

ཁི་ལིང་ཨིན་པུའུ་ཨར་གྱིས་ཉིན་དེར་ཅཱ་ཧྲ་ནས་བསྡུས་པའི་གསར་འགྱུར་སྒྲོག་སྤེལ་ཚོགས་འདུའི་སྟེང་བཤད་རྒྱུར། ཕཱ་ལེ་སི་ཐན་གྱི་ཡུལ་གྱར་བའི་རོགས་རམ་མཚམས་འཇོག་མི་རུང་བ་དང་། དབུས་ཤར་ཕཱ་ལེ་སི་ཐན་ཡུལ་གྱར་བའི་རྒུད་སྐྱོབ་དང་བཟོ་སྐྲུན་ཁྲུའུ་ཡིས་ཞལ་འདེབས་འབུལ་བའི་ཕྱོགས་ཁག་སོ་སོའི་བར་འབྲེལ་འདྲིས་ཟབ་མོ་སྲུང་འཛིན་བྱས་ཏེ། མུ་མཐུད་དུ་ཅཱ་ཧྲ་ས་ཁུལ་གྱི་ཡུལ་གྱར་བར་རྒྱབ་སྐྱོར་བྱེད་དགོས་ཟེར། 

ཁི་ལིང་ཨིན་པུའུ་ཨར་གྱིས་བཤད་རྒྱུར། ང་ཚོས་ཅཱ་ཧྲ་ས་ཁུལ་གྱི་སྡོད་དམངས་དག་གི་དཀའ་སྡུག་ཆེ་བའི་མི་ཆོས་རིང་ལུགས་ཀྱི་གནས་ཚུལ་ལ་སེམས་ཁུར་བྱེད་དགོས། ཅཱ་ཧྲ་ས་ཁུལ་དུ་འཚོ་བ་རོལ་བའི་ཕཱ་ལེ་སི་ཐན་གྱི་ཡུལ་གྱར་བ་ས་ཡ་གཅིག་དང་འབུམ་གསུམ་ལ་ཁ་ཟས་དང་འཐུང་ཆུ་དཀོན་པར་མ་ཟད། དགོས་ངེས་ཀྱི་ལ་རྒྱ་དང་གཏན་འཇགས་ཀྱི་འཚོ་ཙམ་ཡང་རོལ་ཐབས་མི་འདུག་ཟེར། 

ཁི་ལིང་ཨིན་པུའུ་ཨར་གྱིས་བསྐྱར་སྒྲོག་བྱས་དོན། དབུས་ཤར་ཕཱ་ལེ་སི་ཐན་ཡུལ་གྱར་བའི་རྒུད་སྐྱོབ་དང་བཟོ་སྐྲུན་ཁྲུའུ་ལ་མེ་སྒོར་དུང་ཕྱུར་གཉིས་ཙམ་གྱི་མ་དངུལ་མཁོ་གལ་ཆེ་ཡང་། ལས་ཁུངས་དེས་མུ་མཐུད་དུ་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་བསྩལ་བའི་འགན་འཁྲི་ལག་བསྟར་བྱས་ཏེ། ཕཱ་ལེ་སི་ཐན་གྱི་ཡུལ་གྱར་བའི་གནད་དོན་དེ་དྲང་བདེན་གྱིས་ཐག་གཅོད་བྱེད་རག་བར་དུ། ཕཱ་ལེ་སི་ཐན་གྱི་ཡུལ་གྱར་བར་ཞབས་ཞུ་འདོན་སྤྲོད་བྱེད་པ་དང་། ཁོ་ཚོའི་ལ་རྒྱར་སྲུང་སྐྱོབ་བྱེད་རྒྱུ་ཡིན་ཟེར། 

དབུས་ཤར་ཕཱ་ལེ་སི་ཐན་ཡུལ་གྱར་བའི་རྒུད་སྐྱོབ་དང་བཟོ་སྐྲུན་ཁྲུའུ་དེ་གཅིག་སྟོང་དགུ་བརྒྱ་ཞེ་དགུའི་ལོར་བཙུགས་པ་དང་། གཙོ་བོ་ཅོར་ཏན་གཙང་བོའི་ནུབ་འགྲམ་དང་ཅཱ་ཧྲ་ས་ཁུལ་དུ་འཚོ་བ་རོལ་བ་དང་། དེ་མིན་ཅོར་ཏན་དང་སི་རི་ཡཱ། ལེ་པཱ་ནུན་བཅས་སུ་ཐོ་འགོད་བྱས་པའི་ཕཱ་ལེ་སི་ཐན་གྱི་ཡུལ་གྱར་བར་མི་ཆོས་རིང་ལུགས་ཀྱི་རོགས་སྐྱོར་དང་སློབ་གསོ། སྨན་བཅོས་སོགས་ཞབས་ཞུ་འདོན་སྤྲོད་བྱེད་པའི་འགན་ཁུར་ཡོད། 

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།