ཀྲུང་གོ་བོད་ཀྱི་དྲ་བ།

ཨ་མེ་རི་ཁ་དང་འཇར་པན། ཧན་གོ། ཨོ་སི་ཁྲུ་ལི་ཡཱ་བཅས་ཀྱིས་ཐོག་དང་པོར་ཞི་བདེ་རྒྱ་མཚོ་ཆེན་མོའི་མཚོ་ཁོངས་ནས་མཉམ་འབྲེལ་དམག་དོན་སྦྱོང་བརྡར་བྱ་འགུལ་སྤེལ།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-05-24
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཨ་མེ་རི་ཁ་དང་འཇར་པན། ཧན་གོ། ཨོ་སི་ཁྲུ་ལི་ཡཱ་བཅས་ཀྱིས་ཚེས་ཉེར་གསུམ་ཉིན་ཐོག་དང་པོར་ཞི་བདེ་རྒྱ་མཚོ་ཆེན་མོའི་མཚོ་ཁོངས་ནས་མཉམ་འབྲེལ་དམག་དོན་སྦྱོང་བརྡར་བྱ་འགུལ་སྤེལ། དམག་དོན་སྦྱོང་བརྡར་དེའི་ཚབ་མིང་ལ་ཞི་བདེ་རྒྱ་མཚོ་ཆེན་མོའི་གདོང་ལེན་ཞེས་སུ་འབོད། 

དམག་དོན་སྦྱོང་བརྡར་སྤེལ་བའི་མཚོ་ཁོངས་ནི་ཨ་མེ་རི་ཁའི་ཀོན་ཏའོ་གླིང་ཕྲན་ཉེ་འདབས་སུ་ཡིན་པ་དང་། དུས་ཡུན་ཉིན་དྲུག་ལ་སྤེལ་རྒྱུ་རེད། ཨ་མེ་རི་ཁའི་མཚོ་དམག་གི་གྲུ་གཟིངས་རུ་ཁག་བདུན་པས་གསལ་སྒྲོག་ཅིག་གི་ནང་བཤད་རྒྱུར། རྒྱལ་ཁབ་བཞི་ཡིས་མཚོ་དམག་སྟོང་གསུམ་ལྷག་སྦྱོང་བརྡར་ལ་ཞུགས་པར་མངག་ཡོད་ཟེར། 

ཨ་མེ་རི་ཁའི་མཚོ་དམག་གིས་གྲུ་གཟིངས་རུ་ཁག་བདུན་པའི་ལན་ལིན་རྟགས་ཅན་གྱི་སྐམ་ཆུ་གཉིས་སྤྱོད་ཀྱི་བཀོད་འདོམ་གྲུ་གཟིངས་དང་ཨན་ཏིས་ཐཱ་མུའུ་རྟགས་ཅན་གྱི་སྐོར་ཞིབ་གྲུ་གཟིངས་སོགས་འཐབ་འཛིང་གྲུ་གཟིངས་ལྔ་དང་། འཐབ་འཛིང་གནམ་གྲུ་དང་མཚོ་ཐོག་སྐོར་གཡེང་གནམ་གྲུ་འགའ་མངག་གཏོང་བྱས་ཡོད། འཇར་པན་མཚོ་ཐོག་རང་སྲུང་དམག་དཔུང་གིས་ཡུག་མེན་རྟགས་ཅན་དང་ཀྲའོ་རི་རྟགས་ཅན་གྱི་མཐར་སྐྲོད་གྲུ་གཟིངས་མངག་གཏོང་བྱས་ཡོད། ཧན་གོའི་མཚོ་དམག་གིས་ཝང་ཅན་རྟགས་ཅན་གྱི་མཐར་སྐྲོད་གྲུ་གཟིངས་མང་གཏོང་བྱས་ཡོད་ལ། ཨོ་སི་ཁྲུ་ལི་ཡཱ་ཡིས་འགོག་སྲུང་གྲུ་གཟིངས་གཉིས་མངག་གཏོང་བྱས་ཡོད། 

ཧན་གོའི་མཉམ་འབྲེལ་འཕྲིན་གཏོང་ཁང་གིས་བསྒྲགས་པ་ལྟར་ན། དེ་ནི་ཧན་གོ་དང་འཇར་པན་བར་ན་ནིང་ཟླ་བཅུ་གཉིས་པར་ལོས་ཏཱའི་དམིགས་བཟུང་གི་རྩོད་གླེང་བྱུང་བའི་ཚུན་ཐོག་དང་པོར་མཉམ་འབྲེལ་དམག་དོན་སྦྱོང་བརྡར་ལ་ཞུགས་པ་ཡིན་ཞིང་། ཨ་མེ་རི་ཁ་ཕྱོགས་ཀྱིས་ཧན་གོ་དང་འཇར་པན་ཕྱོགས་གཉིས་དམག་དོན་སྦྱོང་བརྡར་ལ་ཞུགས་པར་གདན་དྲངས་པ་ལས་རྒྱལ་ཁབ་དེ་གཉིས་བར་གྱི་འབྲེལ་བ་སླར་གསོ་བྱེད་པའི་རེ་བ་ཡོད། ཧན་གོའི་སྲིད་གཞུང་གི་དཔོན་རིགས་ཤིག་གིས་བཤད་རྒྱུར། ཧན་གོ་དང་འཇར་པན་མཉམ་འབྲེལ་དམག་དོན་སྦྱོང་བརྡར་ལ་ཞུགས་པ་ལས་ཕྱོགས་གཉིས་ཀྱི་འབྲེལ་བ་སླར་གསོ་བྱེད་པ་དང་། ཕྱོགས་གཉིས་ཀྱི་དམག་དོན་བརྗེ་རེས་སླར་གསོ་བྱེད་ཐུབ་པའི་མཚོན་རྟགས་ཡིན་ཟེར། 

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།